ཨིག་ཀྭ་ཏོར་གྱི་ཉ་བདའི་གྲུ་ཁར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་མི་དགུ་རྐྱེན་ལམ་དུ་ཤོར།
2023.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨིག་ཀྭ་ཏོར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨིག་ཀྭ་ཏོར་ནུབ་བྱང་ཕྱོགས་ཀྱི་མཚོ་ཁའི་ཞིང་ཆེན་ཨེ་སི་མཱེ་ལཱ་ཏཱ་སི་ཞིང་ཆེན་གྱི་ཉ་བདའི་གྲུ་ཁ་ཞིག་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། ཨིག་ཀྭ་ཏོར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མེ་མདའ་བཟུང་ཞིང་གདོང་ཁེབས་ཅན་གྱི་སྐྱེས་པ་སྐོར་ཞིག་གིས་ཉིན་དེའི་ཞོགས་པར་ཉ་བདའི་གྲུ་ཁའི་མཛོད་ཁང་ཞིག་གི་བཟོ་བ་དང་ཚོང་བར་གང་འདོད་དུ་མེ་མདས་བརྒྱབ་པ་དང་། དེའི་རྗེས་སུ་ཕྱོགས་མི་འདྲ་བར་བྲོས་བྱོལ་བྱས་པ་རེད་ཟེར།

ཨིག་ཀྭ་ཏོར་གྱི་ནང་སྲིད་པུའུ་ཀྲང་ཧུའུ་ཨན་སཱ་ཕཱ་ཐཱ་ཡིས་བཤད་རྒྱུར། དྲག་ཤུགས་དོན་རྐྱེན་དེ་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ས་ས་ཁོངས་འཕྲོག་རྩོད་ལ་འབྲེལ་བ་ཡོད་སྲིད་པ་དང་། ནང་སྲིད་པུའུ་ཡིས་ཨིག་ཀྭ་ཏོར་རྒྱལ་ཁབ་ཀྱི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ལ་མཐུན་སྦྱོར་བྱས་ནས་རྩ་འཛུགས་ཅན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར།

གཞན་ཡང་ཨིག་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ད་རུང་མི་བཞིར་རྨས་ཕོག་ཡོད་ཟེར།

ད་ལོའི་ཟླ་གསུམ་པའི་ཚུན་ལ། ཨེ་སི་མཱེ་ལཱ་ཏཱ་སི་ཞིང་ཆེན་དུ་དྲག་ཤུགས་དང་ནག་ཉེས་བྱ་སྤྱོད་མང་དུ་བྱུང་བ་དང་། ཨིག་ཀྭ་ཏོར་སྲིད་གཞུང་གིས་ཞིང་ཆེན་དེའི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།