ཁཱ་ཐར་དང་པཱ་ལིན་གྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད།
2023.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཁཱ་ཐར་དང་པཱ་ལིན་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པའི་རྗེས་མཐུད་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཉིས་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་ཡོད།

ཁཱ་ཐར་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཁཱ་ཐར་དང་པཱ་ལིན་གྱི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་རེ་འདུན་ལས་བྱུང་བ་དང་། དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ས། མཚོ་ཁུགས་ས་ཁུལ་གྱི་མཐུན་སྒྲིལ་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་དང་འཚམ་ལ། རྒྱལ་ཁབ་བར་གྱི་འདྲ་མཉམ་དང་རྒྱལ་ཁབ་བདག་དབང་། སྒེར་ཚུགས། མངའ་ཁོངས་ཆ་ཚང་བ། ཁྱིམ་མཚེས་མཛའ་མཐུན་རྩ་དོན་བཅས་ལའང་བརྩི་འཇོག་བྱེད་ཆེད་ཡིན་ཟེར།

པཱ་ལིན་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པར་སོ་སོར་ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡི་དྲུང་ཡིག་ཆེན་མོ་ཧཱ་མཱ་ཏིས་དང་པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་སྣེ་ཁྲིད་བྱས་ཡོད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་མ་ཟད། ཁཱ་ཐར་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཡང་རྒྱལ་ཁབ་མང་བོས་ཁཱ་ཐར་བར་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཁཱ་ཐར་གྱིས་གོང་གི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར། སྐབས་ཞེ་གཅིག་པའི་མཚོ་ཁུགས་མཉམ་ལས་ཚོགས་པའི་མགོ་གཙོའི་གྲོས་ཚོགས་དེ་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་གྲོང་ཁྱེར་ཨིག་ལཱ་ནས་བསྡུས། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་རྩེ་གྲོས་སྟེང་ཨིག་ལཱའི་བསྒྲགས་གཏམ་བཀོད་པ་དང་། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཁཱ་ཐར་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་། པཱ་ལིན་དང་ཁཱ་ཐར་བར་གྱི་གནད་དོན་སྐོར་ཞིག་ལ་ཡུན་རིང་བོར་གྲོས་འཆམ་བྱུང་མེད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་འཕེལ་རིམ་ལ་འགོར་འགྱངས་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།