ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱལ་ཁབ་རྒྱལ་སྲུང་དོ་དམ་ལྟེ་གནས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིས་ཉིན་དེར་མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མངག་ནས་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ནོར་ཝེའི་མྱུལ་ཞིབ་གནམ་གྲུ་ཞིག་མཐའ་འདེད་བྱས།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱི་ལྟ་རྟོག་སྒྲིག་ཆས་ཀྱིས་ཉིན་དེར་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་དུ་གནམ་གྲུ་ཞིག་ཨུ་རུ་སིའི་མཐའ་མཚམས་སུ་ཉེ་བའི་གནས་སུ་འཕུར་བ་མཐོང་ནས། ཨུ་རུ་སིའི་མཚོ་དམག་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་མངག་ནས་ལྟ་ཞིབ་གསལ་བོ་བྱེད་དུ་བཅུག་པས། དམིགས་འབེན་དེ་ནི་ནོར་ཝེའི་མཁའ་དམག་གིP-8Aརྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ་ཞིག་ཡིན་པ་ཤེས་པ་དང་། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དེ་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་གནམ་གྲུ་དེ་མཐའ་འདེད་བྱས་ཏེ་གནམ་གྲུ་དེས་ཨུ་རུ་སིའི་རྒྱལ་མཚམས་ལ་བཙན་འཛུལ་བྱེད་པར་སྔོན་འགོག་བྱས།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་མཐའ་འདེད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཁའ་ཁོངས་བེད་སྤྱོད་བྱེད་པའི་རྩ་དོན་བརྩི་སྲུང་བྱས་པ་དང་། ནོར་ཝེའི་མྱུལ་ཞིབ་གནམ་གྲུ་དེ་ཨུ་རུ་སིའི་མཐའ་མཚམས་དང་བྲལ་རྗེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་བདེ་འཇགས་ངང་ཕྱིར་རྟེན་གཞིར་ལོག་པ་རེད།
ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་གནམ་གྲུ་དག་རྒྱུན་པར་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་འཕུར་ནས་མྱུལ་ཞིབ་བྱ་འགུལ་སྤེལ་བཞིན་ཡོད་ལ། ཨུ་རུ་སི་ཡིས་ནམ་རྒྱུན་དོན་དེར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།