ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བའི་གཞུང་ཚབ་ཆེན་མོ་རིམ་པའི་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།
ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་དང་ཨེ་ཅིབ་ཀྱིས་བྱེ་བྲག་གི་བྱེད་ཐབས་སྤྱོད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་དེ་གཞུང་ཚབ་ཚབ་མ་རིམ་པ་ནས་གཞུང་ཚབ་ཆེན་མོ་རིམ་པ་སླར་གསོ་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མྱུར་མོར་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་པའི་མཉམ་འབྲེལ་གལས་སྒྲོག་སྤེལ་རྒྱུ་ཡིན་ཟེར།
ཧྲུའུ་ཁའེ་ལི་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དེ་ཡིན། ཨེ་ཅིབ་དང་ཐུར་ཁེ་གང་ཡིན་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཆབ་སྲིད་རེ་འདུན་དྲག་པོ་ཡོད་ཟེར།
ལི་པུ་ཡཱའི་གནད་དོན་ཐད་ནས་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ལི་པུ་ཡཱའི་གནད་དོན་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། ཧྲུའུ་ཁའེ་ལི་ཡིས་བཤད་རྒྱུར། ཨེ་ཅིབ་དང་ཐུར་ཁེ་ལ་ཐུན་མོང་གི་རེ་འདུན་ཅིག་ཡོད་པ་ནི། ལི་པུ་ཡཱ་ཡིས་རང་དབང་དང་དྲང་བདེན་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་ནས། ལི་པུ་ཡཱའི་མི་དམངས་ཀྱི་སེམས་འདུན་གྱི་ཚབ་བྱེད་ཐུབ་པའི་སྲིད་གཞུང་ཞིག་བདམས་ཐོན་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།