པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་གདེང་འཇོག་ཆེན་པོ་བྱས།
2023.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་བཤད་རྒྱུར། པཱ་ཞི་དང་ཀྲུང་གོའི་མཉམ་ལས་རྨང་གཞི་བརྟན་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྤྱིར་བཏང་མིན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་ཞི་བདེའི་ལས་དོན་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། བདག་གིས་ཕྱིན་ཆད་ཀྱི་འགན་ཡུན་ནང་ཧུར་ཐག་སྒོས་པཱ་ཞི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་བཅུ་གསུམ་ཉིན་པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་པཱ་ཞིའི་གཏམ་དཔེ་ཞིག་བཀོལ་ནས་མཛའ་བརྩེ་དེ་རྒུན་ཆང་ལྟ་བུ་ཡིན་ལ། དུས་ཡུན་ཅི་ཙམ་འགོར་ན་དེ་ལྟར་ཞིམ་མངར་ལྡན་ཟེར།

ཉིན་དེར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་བཞིན་པའི་ལུའུ་ལཱ་ཧྲང་ཧེ་ཕུའུ་ཏུང་གི་གསར་སྤེལ་དངུལ་ཁང་གསར་བའི་སྤྱི་ཁྱབ་པུའུ་རུ་ཡོང་ནས། གསར་སྤེལ་དངུལ་ཁང་གསར་བའི་མགོ་བ་གཙོ་བོ། པཱ་ཞིའི་སྔོན་ཆད་ཀྱི་ཙུང་ཐུང་ལོ་སེ་ཧྥུའུ་ཡི་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ལུའུ་ལཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། གསར་སྤེལ་དངུལ་ཁང་གི་འཕེལ་རྒྱས་མདུན་ལྗོངས་ལ་རེ་བཞག་ཆེན་པོ་བྱས་ཡོད་པའི་ཚུལ་བསྟན། ཁོས་བསྟན་དོན། གསར་སྤེལ་དངུལ་ཁང་གསར་བ་ནི་གསར་དར་རྒྱལ་ཁབ་ཀྱིས་སྤེལ་ནས་བཙུགས་པའི་ཕྱོགས་མང་དངུལ་ཁང་ཞིག་ཡིན་པ་དང་། གསར་དར་རྒྱལ་ཁབ་ལ་འཛམ་གླིང་བཅོས་བསྒྱུར་བྱེད་པའི་ནུས་པ་ལྡན་པ་སྟེ། དབུལ་ཕོངས་ཉུང་བ་དང་འདྲ་མཉམ་མིན་པའི་སྣང་ཚུལ་ཆུང་ལ། རྒྱུན་མཐུད་ཀྱི་འཛམ་གླིང་ཞིག་འཛུགས་ཐུབ་པ་མཚོན་ཡོད། དེ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱེད་པའི་སྲོལ་རྒྱུན་གྱི་དངུལ་ཁང་དང་གཏན་ནས་མི་འདྲ་ཟེར།

གསར་སྤེལ་དངུལ་ཁང་གསར་བ་ནི་པཱ་ཞི་དང་ཨུ་རུ་སི། རྒྱ་གར། ཀྲུང་གོ། ཨ་ཧྥེ་རི་ཁ་གླིང་མ་བཅས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་མཉམ་དུ་བཙུགས་པའི་ཕྱོགས་མང་གསར་སྤེལ་དངུལ་ཁང་ཞིག་ཡིན་པ་དང་། དམིགས་ཡུལ་ནི་གསེར་གྱོམ་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་པའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ལས་གཞིའི་ཐད་མ་དངུལ་བསྡུ་གསོག་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕར་སྣོན་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཆེད་ཡིན། དེ་བཙུགས་ན་ད་ལྟའི་བར། གསར་སྤེལ་དངུལ་ཁང་གསར་བས་རིམ་བསགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གོ་བརྒྱད་ཀྱི་ལས་གཞིར་ཆོག་མཆན་བཀོད་པ་དང་། སྤྱིའི་མ་དངུལ་བཏང་ཚད་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་ཙམ་རེད།

དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཕུགས་འདུན་ཅིག་ཡོད་པ་ནི་རང་ཉིད་ཀྱི་དངུལ་གཏོང་ཡོ་བྱད་ཅིག་གསར་གཏོད་བྱེད་རྒྱུ་དེ་རེད། གསར་སྤེལ་དངུལ་ཁང་གསར་བ་དེས་ཕུགས་འདུན་དེ་མངོན་འགྱུར་བྱེད་དུ་གྱུར་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་ཅི་ཡིན་གསལ་བོར་ཤེས་ལ། ཁྱབ་ཁོངས་གང་དག་ཏུ་དངུལ་གཏོང་བྱེད་དགོས་པའང་ཤེས་པ་རེད་ཟེར།

ལུའུ་ལཱ་ཡིས་བསྟན་དོན། ཀྲུང་གོར་བཙུགས་པའི་གསར་སྤེལ་དངུལ་ཁང་གསར་བ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཆེས་ཆེ་བའི་དངུལ་ཁང་དུ་འགྱུར་བར་ཆ་རྐྱེན་ཡོད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ད་ལྟའི་གནས་བབ་ལེགས་བཅོས་བྱེད་པར་འབད་འབུངས་བྱེད་པའི་ཐད་སྦས་ཤུགས་ཆེན་པོ་ཡོད་ཟེར།

ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད། ལུའུ་ལཱ་ཡིས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ལུའུ་ལཱ་སོགས་ཧྲང་ཧེ་རུ་འབྱོར། ཚེས་བཅུ་གསུམ་ཉིན། ལུའུ་ལཱ་འཁོར་དང་བཅས་པས་ད་རུང་ཧྭ་ཝེའི་ཧྲང་ཧེ་ཞིབ་འཇུག་ཁང་དུ་འཚམས་འདྲི་བྱས་ཏེ་འབྲེལ་ཡོད་ཀྲུང་གོའི་ཁེ་ལས་ཀྱི་འཐུས་མིར་ཐུག་འཕྲད་བྱས། ཉིན་དེའི་དགོང་མོར་ལུའུ་ལཱ་ཧྲང་ཧེ་དང་བྲལ་ནས་པེ་ཅིང་དུ་སོང་ནས། ཁོས་མུ་མཐུད་དུ་ཀྲུང་གོར་འཚམས་འདྲི་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།