འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་ལོ་དོན་བདུན་ལ་སླེབས་པར་བཤད།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་དོན་གཅོད་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་རྒྱུར། འདས་པའི་ལོ་བཅུ་ཕྲག་ལྷག་ལ་སྤྱི་ཐུན་འཕྲོད་བསྟེན་ཐད་བསྟུད་མར་མ་དངུལ་བཏང་བར་བརྟེན་ནས། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་ལོ་དོན་བདུན་ལ་སླེབས་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་དོན་གཅོད་ཁང་གིས་གསར་འགྱུར་སྤྱི་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། ལོ་དོན་ལྔའི་སྔོན་ལ། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་ལོ་བཞི་བཅུ་ནས་ལྔ་བཅུའི་བར་མ་གཏོགས་མེད། ལྷ་འབྲུམ་དང་སྐྱུག་བཤལ་ནད་སོགས་རིམས་ནད་འགོས་མཆེད་དུ་འགྲོ་བར་ནུས་ལྡན་སྒོས་ཚོད་འཛིན་བྱས་པ་དང་། སྐྱེས་མ་ཐག་པའི་ཕྲུ་གུ་གསོན་ཚད་ཇེ་མཐོར་སོང་བ། འགོག་ཁབ་རྒྱག་ཚད་ཇེ་མང་དུ་བཏང་བ་སོགས་ལ་བརྟེན་ནས། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་ལོ་དོན་བདུན་ལ་སླེབས་ཡོད་ཟེར།

དེ་དང་མཉམ་དུ་སྤྱི་བསྒྲགས་ནང་དུ་ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ནའང་། ས་ཁུལ་དེའི་རྒྱལ་ཁབ་ཁ་ཤས་ཀྱི་མི་གྲངས་ཀྱི་ཆ་སྙོམས་ཚེ་ཚད་དེ་ས་ཁུལ་སྤྱིའི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་ལོ་བཅུ་ཡས་མས་ཀྱིས་དམའ་ལ། མི་མང་བོས་དཔལ་འབྱོར་ཆ་རྐྱེན་ཞན་པས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་བཞིན་མེད་པས། ཕྱོགས་སོ་སོས་ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན་ཡོད།

ཕྱུག་ལོས་བསྒྱུར།