ཀྲུང་གོ་དང་ཨུ་རུ་སི། ཕ་ཁི་སི་ཐན། དབྱི་ལང་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་དཔོན་པོའི་ཨ་ཧྥུའུ་ཧན་གནད་དོན་སྐོར་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་གཉིས་པས་མཉམ་འབྲེལ་གསལ་བསྒྲགས་སྤེལ།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གོ་དང་ཨུ་རུ་སི། ཕ་ཁི་སི་ཐན། དབྱི་ལང་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་དཔོན་པོས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ས་མར་ཧན་ནས་ཨ་ཧྥུའུ་ཧན་གནད་དོན་སྐོར་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཕྱི་འབྲེལ་དཔོན་པོ་ཚོས་ཨ་ཧྥུའུ་ཧན་གྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་བྱེད་དགོས་པ་དང་། ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མིར་དབང་བའི་རྩ་དོན་ལྟར་རྒྱལ་ཁབ་དེའི་ཆབ་སྲིད་མདུན་ལམ་དང་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་བསྐྱར་བསྒྲགས་བྱས་པར་མ་ཟད། ཞི་བདེ་བརྟན་འཇགས་ཀྱི་ཨ་ཧྥུའུ་ཧན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ཨ་ཧྥུའུ་ཧན་ནི་ས་ཁུལ་གྱི་རྩོད་གཞི་ཞིག་ཏུ་འགྱུར་མི་རུང་བར། རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་ཞིག་ཏུ་འགྱུར་འོས་ཞེས་ནན་གྱིས་བསྟན།

ཕྱི་འབྲེལ་དཔོན་པོ་ཚོས་དེང་སྐབས་ཀྱི་ཨ་ཧྥུའུ་ཧན་གྱི་འཇིགས་སྐུལ་རིང་ལུགས་དང་འབྲེལ་བའི་བདེ་འཇགས་གནས་བབ་ལ་དོ་སྣང་ཆེན་པོ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་ས་ཆ་ཧམ་བཟུང་བྱས་པའི་འཇིགས་སྐུལ་རྩ་འཛུགས་སྣ་ཚོགས་ཏེ། དབྱི་སི་ལན་རྒྱལ་ཁབ་ཧུའུ་ལོ་ཧྲན་ཞིང་ཆེན་ཞེས་པ་དང་། རྟེན་གཞི་རྩ་འཛུགས། ཐུའུ་ཅའོ་སི་ཐན་ཤར་མའི་ལས་འགུལ། ཕ་ཁི་སི་ཐན་ཐ་ལེ་པན། པེ་ལུའུ་ཀྲི་བཅིངས་འགྲོལ་དམག དྲང་བདེན་དམག་ཅེས་པ་སོགས་ཀྱིས་བསྟུད་མར་ས་ཁུལ་དེ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་འཇིགས་སྣང་བཟོ་བཞིན་ཡོད་ཅེས་ནན་གྱིས་བསྟན།

ཕྱི་འབྲེལ་དཔོན་པོ་ཚོས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཧུའུ་ལོ་ཧྲན་ཞིང་ཆེན་ཞེས་པའི་འཇིགས་སྐུལ་རྩ་འཛུགས་ལ་རྒོལ་རྡུང་འགུལ་སྐྱོད་སྤེལ་བར་མཉམ་བཞག  ཁོ་ཚོས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གིས་མིག་མཐོང་ལག་ཟིན་གྱི་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ། འཇིགས་སྐུལ་ངོ་རྒོལ་དམ་བཅའ་ལག་བསྟར་བྱེད་རྒྱུ་དང་། རིགས་སྣ་ཚོགས་ཀྱི་འཇིགས་སྐུལ་རྩ་འཛུགས་འཐོར་ཞིག་དང་རྩ་མེད་དུ་བཏང་ནས། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་དེ་འཇིགས་སྐུལ་སྟོབས་ཤུགས་གང་རུང་གིས་བེད་སྤྱོད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕྱི་འབྲེལ་དཔོན་པོ་ཚོས་ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཨ་ཧྥུའུ་ཧན་དུ་ཡོད་པའི་ཕྱི་རྒྱལ་གྱི་ལས་ཁུངས་དང་སྤྱི་དམངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཨ་ཧྥུའུ་ཧན་དུ་ཡོད་པའི་ཕྱི་རྒྱལ་གྱི་ལས་ཁུངས་དང་མི་སྣར་རྒོལ་རྡུང་བྱེད་པ་དང་ཡང་ན་འཇིགས་སྣང་བཟོ་བའི་དོན་རྐྱེན་སློང་མཁན་ཡོད་ཚད་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཕྱི་འབྲེལ་དཔོན་པོ་ཚོས་བྱང་ཆིངས་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཐད་འགན་གཙོ་བོ་ཁུར་དགོས་ལ། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཐད་མཐུན་རྐྱེན་བསྐྲུན་དགོས་པ་དང་། ཨ་ཧྥུའུ་ཧན་ལ་བཀག་སྡོམ་བྱེད་མཚམས་མྱུར་དུ་འཇོག་དགོས་པར་མ་ཟད། ཕྱི་རྒྱལ་དུ་ཡོད་པའི་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་མྱུར་དུ་ཕྱིར་བྱིན་ནས། དེ་ཨ་ཧྥུའུ་ཧན་གྱི་མི་དམངས་ལ་བཀོལ་དུ་འཇུག་དགོས་ཞེས་བསྟན།

ཕྱི་འབྲེལ་དཔོན་པོ་ཚོས་གྲོས་མོལ་ནི་ཨ་ཧྥུའུ་ཧན་གྱི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་ཐབས་ལམ་ཉག་ཅིག་ཡིན་པས། ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཐད་འགན་ཁུར་དགོས་པའི་རྒྱལ་ཁབ་དག་གིས་ཨ་ཧྥུའུ་ཧན་ནས་ཡང་བསྐྱར་དམག་དོན་རྟེན་གཞི་འཛུགས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ལ། དེ་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་ཕན་ཐོགས་སྤུ་ཙམ་ཡང་མེད་ཅེས་ནན་གྱིས་བསྟན།

ཕྱི་འབྲེལ་དཔོན་པོ་ཚོས་ཨ་ཧྥུའུ་ཧན་སྲིད་འཛིན་ལས་ཁུངས་ཀྱིས་དཀྱེལ་ཡངས་སྒོས་སྲིད་གཞུང་བཙུགས་ཏེ། མི་རིགས་དང་ཆབ་སྲིད་ཚོགས་པ་ཡོད་ཚད་ངེས་པ་དོན་གྱིས་དེའི་ཁྲོད་དུ་ཞུགས་སུ་འཇུག་དགོས་ལ། བུད་མེད་དང་གྲངས་ཉུང་རིགས་རྒྱུད་ལ་དམིགས་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཡོད་ཚད་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་ཧྥུའུ་ཧན་གྱིས་ཕྱི་ཕྱོགས་བར་དུ་མཛའ་མཐུན་མཉམ་ལས་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཐའ་སྐོར་གྱི་རྒྱལ་ཁབ་བར་མཛའ་མཐུན་མཉམ་གནས་བྱེད་དགོས་པའི་སྐུལ་མ་བཏང་།

ཕྱི་འབྲེལ་དཔོན་པོ་ཚོས་ཨ་ཧྥུའུ་ཧན་གྱི་ཞི་བའི་བསྐྱར་འཛུགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་དུ་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་ཞེས་བསྟན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་མུ་མཐུད་དུ་མི་ཆོས་རོགས་སྐྱོར་བྱས་ཏེ། ཨ་ཧྥུའུ་ཧན་གྱི་རང་བདག་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་རོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕྱི་འབྲེལ་དཔོན་པོ་ཚོས་ཕ་ཁི་སི་ཐན་དང་དབྱི་ལང་གིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་ས་ཡ་འགའ་དང་ལེན་བྱས་པར་བསྟོད་བསྔགས་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོང་གི་རྒྱལ་ཁབ་དག་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཕྱི་འབྲེལ་དཔོན་པོ་ཚོ་ཨ་ཧྥུའུ་ཧན་གནད་དོན་ཐད་ནས་རིམ་པ་སོ་སོའི་མཐུན་སྦྱོར་ལ་ཤུགས་སྣོན་པར་འཐད་པ་བྱུང་།

ཕྱུག་ལོས་བསྒྱུར།