ཡེ་མིན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚེས་བཅུ་བཞི་ཉིན་ནས་བཟུང་གཞི་ཁྱོན་ཆེ་བའི་བཟུང་དམག་བརྗེ་རེས་འགུལ་སྐྱོད་སྤེལ། འགུལ་སྐྱོད་དེ་བསྟུད་མར་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་བསྡོམས་པས་བཟུང་དམག་བརྒྱད་བརྒྱ་དང་བརྒྱད་ཅུ་ཕྱིར་གཏོང་རྒྱུ་རེད།
ཡེ་མིན་སྲིད་གཞུང་གི་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་དུ་གྲོས་མོལ་བྱེད་པའི་འགན་ཁུར་བའི་མཐོ་རིམ་དཔོན་རིགས་ཡེ་ཧེ་ཡཱ་ཁ་ཙི་མན་གྱིས་ཚེས་བཅུ་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཐོག་དང་པོར་ཕྱིར་བཏང་བའི་བཟུང་དམག་སུམ་བརྒྱ་དང་ཉི་ཤུ་ཡོད་ལ། དེའི་ནང་དུ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་ཉིས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་དང་། ཁོ་ཚོ་ཕྱིར་བཏང་རྗེས་ཡཱ་ཏིན་ནས་རྒྱ་གྲམ་དམར་པོ་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་གནམ་གྲུར་བསྡད་དེ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་རྒྱལ་ས་སཱ་ནཱ་རུ་འགྲོ་རྒྱུ་ཡིན་ཞིང་། བཟུང་དམག་གི་ཁྲོད་དུ་ཡེ་མིན་གྱི་སྲིད་གཞུང་དམག་བདུན་ཅུ་ཡོད་ལ། དེའི་ནང་དུ་ཡེ་མིན་གྱི་རྒྱལ་སྲུང་དཔོན་པོ་ཟུར་པ་སུའུ་པད་ཞི་དང་ཡེ་མིན་གྱི་ཙུང་ཐུང་ཟུར་པ་ཧ་ཏིས་ཀྱིས་སྤུན་ཆུང་དམག་དཔོན་ནཱ་སའེ་ཨར་མན་སུའུ་ཨར་ཧ་ཏིས་གཉིས་ཀྱང་འདུ། ཁོ་ཚོ་ཕྱིར་བཏང་རྗེས་རྒྱ་གྲམ་དམར་པོ་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་གནམ་གྲུར་བསྡད་དེ་ཡ་ཏིན་ལ་ཐོན་ཟེར།
རྒྱ་གྲམ་དམར་པོ་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞི་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བཟུང་དམག་གཞན་པ་རྣམས་ཚེས་བཅོ་ལྔ་ཉིན་དང་བཅུ་དྲུག་ཉིན་ལ་ཕྱིར་གཏོང་རྒྱུ་རེད་ཟེར།
ད་ལོའི་ཟླ་གསུམ་པར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་མཉམ་དུ་མགོ་འཛིན་བྱས་པའི་འོག་ཏུ། ཡེ་མིན་གྱི་འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོའི་འཐུས་ཚབ་ཀྱིས་སུའེ་ཙེར་གྱི་རེ་ནེ་ཝ་ནས་སྐོར་ཐེངས་གསར་པའི་གྲོས་མོལ་བྱས་རྗེས། བཟུང་དམག་བརྒྱད་བརྒྱ་དང་གྱ་བདུན་ཕྱིར་གཏོང་རྒྱུའི་གྲོས་མཐུན་བཀོད་པ་རེད།
ཉེ་སྔོན། སོ་ཏི་ཨ་རབ་དང་དབྱི་ལང་བར་དུ་འབྲེལ་བ་སླར་གསོ་བྱས་པར་བསྟུན་ནས། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་ཡང་ཉམས་དགའ་བའི་གནས་བབ་མངོན་ཡོད། ཟླ་འདིའི་ཚེས་དྲུག་ཉིན། ཡེ་མིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལིས་ཡ་ཏི་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་བློན་ཆེན་སཱ་ལེ་མན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཡེ་མིན་གྱི་ཞི་བདེའི་ལམ་ཐིག་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་གྲོས་མོལ་བྱས་པར་མ་ཟད། ཧུའུ་སའེ་དྲག་ཆས་རྩ་འཛུགས་དང་བཅས་པ་ཟབ་ཞུགས་བྱས་པའི་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ཇུས་གཞིར་གྲོས་སྡུར་བྱས། ཚེས་དགུ་ཉིན། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་དཔོན་རིགས་མཱ་ཧྲ་ཐི་ཡིས་སཱ་ནཱ་ནས་ཡེ་མིན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་མུའུ་ཧན་མོ་ཏི་ཅ་པིས་ཨར་གྱིས་ཁྲིད་པའི་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པར་དུས་ཚོད་ལོངས་པའི་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ཡང་བསྐྱར་འགོད་པ་སོགས་ཀྱི་གྲོས་གཞིའི་སྐོར་ནས་གྲོས་སྡུར་བྱས།
ཕྱུག་ལོས་བསྒྱུར།