ཧིན་རྡུ་ཉི་ཞི་ཡཱའི་མེན་ཀུའུ་ལུའུ་ཞིང་ཆེན་གྱི་ནུབ་ཕྱོགས་མཚོ་ཁོངས་སུ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་བདུན་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་མེན་ཀུའུ་ལུའུ་ཞིང་ཆེན་གྱི་མེན་ཀུའུ་ལུའུ་ལྷོ་མ་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ང་གསུམ་མཚམས་ཀྱི་མཚོ་ཁོངས་ནས་བྱུང་བ་དང་། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱའི་བར་སྤྱི་ལེ་བཞི་བརྒྱ་དང་བདུན་ཅུ་ཡོད་ལ། ས་ཡོམ་བྱུང་སའི་གཏིང་ཚད་ལ་སྤྱི་ལེ་ཉེར་གསུམ་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཐོ་འགོད་བྱས་པ་ལྟར་ན། ས་ཡོམ་བྱུང་ས་དང་ཉེ་བའི་ས་་ཁུལ་གྱི་གླིང་ཕྲན་དང་གྲོང་རྡལ་རེ་འགར་ས་ཡོམ་གྱི་ཚོར་སྣང་དྲག་པོ་ཡོད་ཟེར། ལས་ཁུངས་དེས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད་ཀྱང་། ས་ཡོམ་བྱུང་ས་གཙོ་བོའི་ཉེ་འདབས་སུ་ས་ཡོམ་ཆུང་བ་འབྱུང་སྲིད་པས་ས་དེའི་སྡོད་དམངས་དག་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་གསལ་འདེབས་བྱས་ཡོད།
ཧིན་རྡུ་ཉི་ཞི་ཡཱ་ནི་ཞི་བདེ་རྒྱ་མཚོས་བསྐོར་བའི་ས་ཡོམ་མང་སའི་གནས་སུ་ཡོད་ཅིང་། ལོ་རེ་བཞིན་ས་ཡོམ་ཆེ་ཆུང་སྟོང་ཕྲག་འགའ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།