ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། འཇར་པན་གྱི་ཧི་ཀི་ཧྲན་རྫོང་ཧི་ཀི་ཧྲན་གྲོང་ཁྱེར་གྱི་ཙཱ་ཧི་ཆི་གྲུ་ཁ་ནས། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་ཚོད་འཛིན་བྱས།
ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། འཇར་པན་གྱི་ཧི་ཀི་ཧྲན་རྫོང་ཧི་ཀི་ཧྲན་གྲོང་ཁྱེར་གྱི་ཙཱ་ཧི་ཆི་གྲུ་ཁ་ནས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཡུལ་དངོས་ཀྱི་མང་ཚོགས་ལ་གུས་བརྡ་སྟོན་བཞིན་པ།
ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། འཇར་པན་གྱི་ཧི་ཀི་ཧྲན་རྫོང་ཧི་ཀི་ཧྲན་གྲོང་ཁྱེར་གྱི་ཙཱ་ཧི་ཆི་གྲུ་ཁ་ནས། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་ཚོད་འཛིན་བྱས།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅོ་ལྔ་ཉིན་འཇར་པན་གྱི་ཧི་ཀི་ཧྲན་རྫོང་ཧི་ཀི་ཧྲན་གྲོང་ཁྱེར་དུ་གཏམ་བཤད་སྤེལ་ལ་ཉེ་བའི་སྐབས་སུ། ཚོགས་ར་ནས་འགས་གཏོར་དོན་རྐྱེན་བྱུང་པ་དང་། ཨན་ཐེན་ཝུན་ཞོང་མི་སྒེར་ལ་རྨས་སྐྱོན་བྱུང་མེད་ལ། དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ཡོད།
འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨན་ཐེན་ཝུན་ཞོང་གིས་དམངས་གྲོས་ཁང་གི་ཁ་གསབ་འདེམ་བསྐོ་བྱེད་པའི་རང་དབང་དམངས་གཙོ་ཏང་གི་འདེམ་སྒུག་པར་རྒྱབ་སྐྱོར་བྱེད་ཆེད། ཧི་ཀི་ཧྲན་གྲོང་ཁྱེར་དུ་ཡོང་བ་ཡིན་ལ། ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། ཁོས་གྲོང་ཁྱེར་དེའི་ཙཱ་ཧི་ཆི་གྲུ་ཁ་ནས་གཏམ་བཤད་སྤེལ་རྩིས་བྱེད་སྐབས་ཡུལ་དངོས་ནས་འགས་གཏོར་གྱི་སྒྲ་བྱུང་བ་དང་དུ་བ་འཕྱུར་བས། ཨན་ཐེན་ཝུན་ཞོང་མྱུར་མོར་ཧི་ཀི་ཧྲན་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པུའུ་རུ་བསྐྱལ་བ་རེད། ཚོགས་ར་ནས་ཡུད་ཙམ་ལ་རྙོག་འཛིང་བྱུང་ཡང་། མི་སྣར་རྨས་སྐྱོན་ཅི་ཡང་བྱུང་མེད་ལ། དོགས་ཡོད་ཉེས་ཅན་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་ཟེར།
སྨྱན་བྱད་ཀྱིས་ཕབ་ལེན་བྱས་པའི་བརྙན་རིས་ལས་མཐོང་བ་ལྟར་ན། མ་གཞི་ལྷན་གཅིག་ཏུ་འདུས་ཡོད་པའི་མི་ཚོགས་དག་ཕྱོགས་བཞིར་འཐོར་བ་དང་། ཉེན་རྟོག་པ་བཞི་ལྔ་ཙམ་གྱིས་སྐྱེས་པ་ཞིག་ཁ་སྦུབ་ཏུ་སར་མནན་ཡོད་ལ། ཚོགས་རའི་ཕྱོགས་གཞན་ཞིག་ནས་འགས་གཏོར་གྱི་སྒྲ་བྱུང་ནས་དུ་བ་འཕྱུར། ཡུལ་དངོས་ཀྱི་སྐྱེས་པ་ཞིག་གིས་བཤད་རྒྱུར། སྐབས་ཐོག་དེར་ན་གཞོན་སྐྱེས་པ་ཞིག་གིས་དངོས་པོ་ཞིག་གཡུག་པ་དང་། ཉེ་འཁོར་གྱི་མི་རྣམས་ཀྱིས་འུར་བརྒྱག་བཞིན་བྲོས་བྱོལ་བྱས་ལ། དེའི་རྗེས་སུ་འགས་གཏོར་གྱི་སྒྲ་ཞིག་གྲགས་བྱུང་། ངོ་མ་འཇིགས་སུ་རུང་བ་ཞིག་རེད་ཟེར།
འཇར་པན་སྲིད་འཛིན་ཏང་དང་སྲིད་དབང་བཟུང་མེད་པའི་ཏང་གི་མི་སྣས་ཉིན་དེའི་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། དེ་ནི་བཟོད་བསྲན་བྱེད་ཐབས་མེད་པའི་དྲག་སྤྱོད་ཅིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།