ཆིན་ཀང་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་པེ་ཨར་པའོ་ཁི་གཉིས་ཀྱིས་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་ཀྱི་གྲོས་མོལ་བསྡུས།
2023.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་པེ་ཅིང་ནས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་པེ་ཨར་པའོ་ཁི་དང་མཉམ་དུ་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་ཀྱི་གྲོས་མོལ་བསྡུས།

ཆིན་ཀང་གིས་བཤད་རྒྱུར། ཀྲུང་གོ་དང་འཇར་མན་ནི་གྲོགས་པོ་ཡིན་པ་ལ་འགྲན་ཡ་མིན། ཕྱོགས་གཉིས་ཀྱིས་སྒེར་ཚུགས་རང་བདག་གིས་ཕན་ཚུན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་ཕྱོགས་སོ་སོའི་བརྗེ་རེས་བྱ་འགུལ་སྤེལ་ནས། ཁྱབ་ཁོངས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་དང་མཐོ་རིམ་མི་གཞུང་བརྗེ་རེས་ཀྱི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ལ་གྲ་སྒྲིག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་རྐྱེན་སྲོལ་བདུན་ཅུ་ལྷག་སླར་གསོ་བྱེད་དགོས་ཟེར།

ཆིན་ཀང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གཉིས་ནི་འཛམ་གླིང་ན་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཆེན་མོ་ཡིན་ཞིང་། ཀྲུང་གོ་དང་འཇར་མན་དེ་འཛམ་གླིང་ཡོངས་ཅན་གྱི་སྲུང་སྐྱོབ་མཁན་དང་སྐུལ་འདེད་གཏོང་མཁན་དུ་འགྱུར་ཆོག་ཆོག་ཡིན་ལ། མཉམ་དུ་ཕན་ཚུན་བར་གྱི་འབྲེལ་ཐག་ཆད་པར་ངོ་རྒོལ་བྱེད་དགོས། འཇར་མན་ཕྱོགས་ཀྱིས་རྒྱང་རིང་ལ་དམིགས་པ་དང་འཛམ་གླིང་ཡོངས་ཀྱི་མིག་རྒྱང་གིས་ཀྲུང་གོས་འཇར་མན་དུ་མ་དངུལ་གཏོང་བར་ལྟ་སྟངས་ཡག་པོ་འཛིན་དགོས་ལ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་འདྲ་མཉམ་དང་སྒོ་འབྱེད། མཐོང་ཆུང་མེད་པའི་ཚོང་རའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

པེ་ཨར་པའོ་ཁི་ཡིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་སྒེར་ཚུགས་རང་བདག་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། གང་མགྱོགས་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་གྲོས་མོལ་སླར་གསོ་བྱེད་འདོད་ཡོད། འཇར་མན་ཕྱོགས་ཀྱིས་མཁོ་སྒྲུབ་མུ་འབྲེལ་གྱི་བདེ་འཇགས་ལ་མཐོང་ཆེན་བྱེད་ལ་འབྲེལ་ཐག་ཆད་པར་འཐད་པ་མིན། འདྲ་མཉམ་གྱིས་ཕན་ཚུན་གྱི་ཁེ་ལས་ལ་ལྟ་སྟངས་ཡག་པོ་འཛིན་པའི་འདོད་བློ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་དང་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།

ཆིན་ཀང་གིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་འདོད་བློ་རྒྱས་བཤད་ཟབ་མོ་བྱས་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་དེའི་ཐར་ལམ་ཉག་ཅིག་ནི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་ནན་བཤད་བྱས། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་ནས་སྡོད་སྲིད་པ་དང་། སྔར་བཞིན་དུ་འཐབ་འཁྲུག་མཚམས་འཇོག་པ་དང་གྲོས་མོལ་སླར་གསོ་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།