མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅོ་ལྔ་ཉིན་ཀྲུང་གོའི་རིག་གནས་ཉིན་མོའི་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་ལྔ་བརྒྱ་ལྷག་བྱ་འགུལ་ལ་ཞུགས།
གར་སྟེགས་སྟེང་། རྒྱལ་ཁབ་གཉིས་ཀྱི་འཁྲབ་སྟོན་པས་འབྲུག་དང་སེང་གེ་འཁྲབ་སྟོན་བྱས་པ་དང་། ཀྲུང་གོའི་དྲག་རྩལ། སྲོལ་རྒྱུན་གྱི་རླུང་གཡབ་ཞབས་བྲོ་མེ་ཏོག་མའོ་ལི་དང་དུས་རབས་ཀྱི་རྗེ་སིའི་ཞབས་བྲོ་སྒྲ་ལྷང་ལྷང་ཞེས་པ། དེ་མིན་ཀྲུང་གོ་དང་མའོ་ཞི་ཁོའི་རྡུང་དཀྲོལ་རོལ་མོའི་ཁྱད་ལྡན་མཉམ་དཀྲོལ་བཅས་ལ་ལྟད་མོ་བའི་དགའ་བསུ་ཐོབ། འགྲེམ་སྟོན་བྱེད་སར་ཁུང་ཙིའི་སློབ་གླིང་གི་དགེ་རྒན་གྱིས་ཇ་ཡི་སྒྱུ་རྩལ་དང་ཤོག་དྲས། ཡིག་གཟུགས། ཀྲུང་གོའི་མདུད་ལུགས་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་བྱ་འགུལ་སྤེལ། ས་དེའི་ཀྲུང་གོའི་ཟ་ཁང་གི་ཇ་མས་ཆུ་མོག་དང་འཐེན་ཐུག་སོགས་ཀྲུང་གོའི་ཟས་རིགས་ལས་པ་དང་། ཀྲུང་གོའི་ཁེ་ལས་མང་བོས་ཕྱི་མགྲོན་དག་ལ་ཁ་པར་དང་གློག་རྡུལ་ཁྱིམ་ཆས་སོགས་ཐོན་རྫས་མཚམས་སྦྱོར་བྱས། དེ་ལས་གཞན་མཛེས་པའི་ཀྲུང་གོ་ཞེས་པའི་བརྗོད་དོན་པར་རིས་འགྲེམ་སྟོན་དང་དྲིལ་སྒྲོག་གློག་བརྙན་ལས་དུས་རབས་གསར་བའི་ལོ་ངོ་བཅུའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས།
མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་རོན་གྱིས་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ཏེ། ད་ལོ་ནི་ཀྲུང་གོ་དང་མའོ་ཞི་ཁོ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་རང་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་ནི་རང་སྟེང་གི་འཕེལ་རྒྱས་ཀྱི་གོ་སྐབས་སུ་མཐོང་ནས། ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་རིག་གནས་དང་སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། དམངས་སེམས་གཅིག་ཏུ་འབྲེལ་བར་སྐུལ་འདེད་གཏོང་དགོས་ཟེར།
མའོ་ཞི་ཁོའི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་པུས་ལེ་ཡཱ་ལོ་བོ་སི་སོགས་ཆབ་སྲིད་མགོ་ཁྲིད་པས་བསྟན་དོན། དེང་སྐབས་མའོ་ཞི་ཁོ་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་སྟེང་ཆེས་བཟང་བའི་དུས་སྐབས་སུ་གནས་པ་དང་། རྒྱལ་ཁབ་གཉིས་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན། རིག་གནས་ཐད་ཕན་ཚུན་འགུག་ཤུགས་ཡོད་པ་དང་དཔལ་འབྱོར་ཐད་ནས་ཁྱད་སྟོབས་ཁ་གསབ་བྱེད་བཞིན་ཡོད། མའོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ནས་མའོ་ཞི་ཁོ་དང་ཀྲུང་གོའི་མཛའ་མཐུན་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།