ཨེ་ཀྭ་ཏོར་གྱི་བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཀྭ་ཏོར་ལྷོ་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་བཀྲ་ཡཱ་ཅི་ཨར་གྱི་བཙོན་ཁང་ཞིག་ཏུ་ཚེས་བཅུ་བཞི་ཉིན་ཟིང་འཁྲུག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར།
ལས་ཁུངས་དེས་གསལ་སྒྲོག་ནང་བསྟན་དོན། ཉེན་རྟོག་ཕྱོགས་དང་དྲག་ཆས་དམག་དཔུང་གི་རོགས་འདེགས་འོག མིག་སྔར་བཙོན་ཁང་དེའི་གནས་བབ་ལ་ཚོད་འཛིན་ཐོབ་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ཟིང་འཁྲུག་ནི་བཙོན་ཁང་གི་ཕྱོགས་ཁག་མི་འདྲ་བའི་བཙོན་མའི་འགལ་བ་ལས་བྱུང་བ་རེད་ཟེར། ཨེ་ཀྭ་ཏོར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བེམ་པོར་ཞིབ་བཤེར་དང་རྟོག་ཞིབ་བྱས་ཡོད་ལ། བེམ་པོ་མང་བོར་མེ་མདའ་ཕོག་ཡོད་པ་ཤེས་ཐུབ་ཟེར།
ད་ལོའི་ཟླ་བཞི་བའི་ཚུན་ལ། བཀྲའ་ཡཱ་ཅི་ཨར་གྲོང་ཁྱེར་གྱི་བཙོན་ཁང་མང་བོར་ཟིང་འཁྲུག་བྱུང་ནས། བཙོན་མ་དང་བཙོན་སྲུང་ཉེན་རྟོག་པ་མང་བོ་རྐྱེན་ལམ་དུ་ཤོར། ཨེ་ཀྭ་ཏོར་སྲིད་གཞུང་གིས་བསྟན་དོན། ཉེ་སྔོན་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་བའི་རྒྱུ་རྐྱེན་ནི་དུག་རྫས་ལྐོག་འཚོང་སྡེ་ཁག་ཚོགས་ཀྱི་བཙོན་མས་ཚོད་འཛིན་དབང་ཆ་འཕྲོག་རྩོད་བྱེད་ཆེད་འཁྲུག་རྩོད་བྱས་པས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།