ཏིས་པེད་ཀྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
2023.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ཏི་ལཱ་ས་ཁུལ་གྱི་སྡོད་ཁང་ཞིག་ལ་ཚེས་བཅོ་ལྔ་ཉིན་མེ་སྐྱོན་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག

ཏིས་པེད་སྲིད་གཞུང་གི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། སྡོད་ཁང་དེས་བདེ་འཇགས་རེ་བ་བརྩི་སྲུང་མ་བྱས་པས་མེ་སྐྱོན་བྱུང་བ་རེད། མེ་གསོད་མི་སྣར་ཉེན་བརྡ་འབྱོར་རྗེས་སྐར་མ་དྲུག་གི་རྗེས་སུ་ཡུལ་དངོས་སུ་འབྱོར་ནས་སྡོད་ཁང་ནང་གི་སྡོད་དམངས་ཚང་མ་བདེ་འཇགས་ས་ཁུལ་དུ་བསྐྱལ། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉེ་འདབས་ཀྱི་ཚོང་ཁང་ཞིག་གི་མི་སྣས་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་པ་དང་། མི་ལ་ལས་སྡོད་ཁང་ནང་ལུས་པའི་སྡོད་དམངས་སྐྱོབ་རྩིས་བྱེད་བཞིན་ཡོད་ཀྱང་། ཡུལ་དངོས་སུ་དུད་ནག་འཕྱུར་བ་ལས་བར་ཆད་ཐེབས་ཡོད་ཟེར།

སྡོད་དམངས་ཐོག་ཁང་དེ་ས་དེའི་མི་གྲངས་མང་བོ་འདུས་སྡོད་བྱེད་སའི་ཚོང་ལས་ས་ཁུལ་དུ་ཡོད་པ་དང་། ཉེ་འདབས་སུ་འདུ་འཛི་ཆེ་བའི་གསེར་དང་སྤོས་རྒྱུའི་ཚོང་ར་ཡོད་པ་རེད།

ཏིས་པེད་སྲིད་གཞུང་གིས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། སྡོད་ཁང་དང་ཚོང་ལས་ཐོག་ཁང་གི་ཁང་བདག་དང་སྡོད་དམངས་དག་གིས་བདེ་འཇགས་རེ་བ་དང་ཕྱོགས་སྟོན་བརྩི་སྲུང་བྱས་ནས་དོན་རྐྱེན་དེ་འདྲ་འབྱུང་བར་སྔོན་འགོག་བྱེད་དགོས་པ་ནན་གྱིས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།