སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་དྲག་ཆས་འཁྲུག་རྩོད་དེ་ཚེས་བཅུ་དྲུག་ཉིན་མུ་མཐུད་དུ་རྒྱུན་བསྲིངས་པ་དང་། དེ་ལས་ཉུང་མཐར་ཡང་མི་སེར་དཀྱུས་མ་ང་དྲུག་རྐྱེན་ལམ་དུ་ཤོར་ཡོད།
མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་མནའ་འབྲེལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་མང་བོས་སུའུ་ཏན་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། སུའུ་ཏེན་དྲག་ཆས་དམག་དཔུང་གིས་དྲག་ཆས་གྱེན་འཕུར་གནམ་གྲུ་མངག་ནས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་རྒྱལ་ས་ཁཱ་ཐུའུ་མུའུ་ལྷོ་ངོས་སུ་ཡོད་པའི་དམིགས་འབེན་ལ་ཆམ་ཕབ་བཏང་བ་དང་། ཁཱ་ཐུའུ་མུའུ་ཤར་ཁུལ་གྱི་ནེ་ལོ་གཙང་བོའི་རྒྱུ་ལམ་ཆེན་མོ་ནས་ཀྱང་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་དུས་ངེས་མེད་དུ་གྲགས་བཞིན་ཡོད། དེ་ལས་གཞན་སུའུ་ཏེན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་རྒྱལ་ནང་གི་མངའ་སྡེ་མང་བོར་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད།
ས་དེའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་སོགས་ས་ཁུལ་ནས་དྲག་ཆས་འཁྲུག་རྩོད་བྱས་པ་རེད་ཟེར།
སུའུ་ཏན་སྨན་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དྲག་ཆས་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་སེར་དཀྱུས་མ་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་ལྔ་བརྒྱ་དང་གོ་ལྔར་རྨས་ཕོག་ཡོད་ཟེར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ཤི་རྨས་བྱུང་བའི་གནས་ཚུལ་གསལ་བོར་མི་ཤེས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ། གྲོས་མོལ་ལ་བརྟེན་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་དང་། དེའི་ཞོར་དུ་ས་ཁུལ་དེའི་རྒྱལ་ཁབ་དག་གིས་སུའུ་ཏན་གྱི་སྒྲིག་ལམ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཕྱོགས་ལ་ཁ་པར་བཏང་བ་དང་། ཅང་མི་འགོར་བར་སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་ལ་ཁ་པར་གཏོང་རྒྱུ་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ནས་བྱུང་བའི་དྲག་ཆས་འཁྲུག་རྩོད་བྱུང་བར་སེམས་ཁུར་བྱེད་པ་དང་། འཁྲུག་རྩོད་མི་སེར་དཀྱུས་མ་དང་བཅས་པའི་མི་སྣར་ཤི་རྨས་ཐེབས་པར་དོན་ལ་འཕང་སེམས་སྐྱེས་ཡོད་པའི་ཚུལ་བསྟན། ཕྱོགས་སོ་སོས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་། བདེ་འཇགས་སླར་གསོ་བྱས་ནས། གྲོས་མོལ་ལ་བརྟེན་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལ་འགན་སྲུང་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སུའུ་ཏེན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དྲག་ཤུགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་མོར་དམག་དོན་འགུལ་སྐྱོད་མཚམས་བཞག་ནས་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་དགོས་པའི་རེ་བ་བཏོན།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོར་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཟེར། ཁོས་ཕྱོགས་ཁག་སོ་སོས་མྱུར་མོར་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཨར་ཅི་རི་ཡཱ་ཡིས་སུའུ་ཏན་གྱི་གནས་བབ་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་བཞག་སྟེ་གྲོས་མོལ་ལ་བརྟེན་ནས་འགལ་བ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར།
སོ་ཏི་ཨ་རབ་དང་ཅོར་ཏན། དབྱི་ལིང་སོགས་རྒྱལ་ཁབ་ཀྱིས་ཀྱང་ཚེས་བཅོ་ལྔ་ཉིན་སུའུ་ཏན་གནས་བབ་ཐད་ནས་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ཕྱོགས་ཁག་སོ་སོས་རང་ཚོད་འཛིན་པ་དང་། གྲོས་མོལ་ལ་བརྟེན་ནས་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།