པུ་ཁི་ནཱ་ཧྥ་སོའི་ས་གནས་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དམག་དཔུང་ཞིག་ལ་ཚེས་བཅོ་ལྔ་ཉིན་བྱང་ཕྱོགས་ཀྱི་ས་ཁུལ་ཆེན་མོ་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཞི་བཅུ་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཝ་ཞི་ཀུའུ་ཡཱ་གྲོང་ཁྱེར་ཉེ་འདབས་ཀྱི་སྡེ་བ་ཞིག་ནས་བྱུང་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་དྲུག་དང་དམངས་དམག་སོ་བཞི་འདུས་ཡོད་ལ། དེ་ལས་གཞན་མི་སོ་གསུམ་ལ་རྨས་ཕོག་ཡོད་ཟེར།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་བསྒྲགས་མེད། བདེ་འཇགས་མེ་གསོད་མི་སྣ་ཞིག་གིས་བཤད་རྒྱུར། དྲག་ཆས་ཉེས་ཅན་ལྔ་བཅུ་ཙམ་བསད་ཡོད་ཟེར།
ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། པུ་ཁི་ནཱ་ཧྥ་སོ་ནས་དྲག་ཆས་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་ནས་བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར། ཟླ་འདིའི་ཚེས་དྲུག་ཉིན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་ཆེན་མོའི་སེ་ནོའུ་ཞིང་ཆེན་གྱི་སྡེ་བ་གཉིས་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། མི་ཞེ་བཞི་རྐྱེན་ལམ་དུ་ཤོར། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་ཤུགས་སྣོན་བྱེད་ཆེད། ད་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་བཟུང་། པུ་ཁི་ནཱ་ཧྥ་སོའི་ས་ཁུལ་ཆེན་མོ་བཅུ་གསུམ་ཁྲོད་ཀྱི་ས་ཁུལ་ཆེན་མོ་བརྒྱད་ཀྱིས་དོགས་ཟོན་མཐོར་འདེགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།