ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ངོ་རྒོལ་མཁན་གྱིས་འཇར་པན་གྱི་ཁྲང་ཡེ་རྫོང་ཆིན་ཅིན་ཙེ་འབབ་ཚིགས་ཉེ་འདབས་སུ་ངོ་རྒོལ་བྱ་འགུལ་སྤེལ་བཞིན་པ།
ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། འཇར་པན་གྱི་ཁྲང་ཡེ་རྫོང་ཆིན་ཅིན་ཙེ་འབབ་ཚིགས་ཉེ་འདབས་སུ་ངོ་རྒོལ་བྱེད་མཁན་གྱིས་ལག་ཏུ་འཕྲེད་བྱང་བཟུང་ནས་ངོ་རྒོལ་བྱ་འགུལ་སྤེལ་བཞིན་པ།
ཚོགས་ཡུན་ཉིན་གསུམ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་འཇར་པན་གྱི་ཁྲང་ཡེ་རྫོང་ཆིན་ཅིན་ཙེ་ནས་བསྡུས། ཉིན་དེར་འཇར་པན་གྱི་མང་ཚོགས་སྐོར་ཞིག་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ལ་ཞུགས་པ་རེད།
གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མི་ཉིན་དེའི་ཕྱི་དྲོར་མེ་འཁོར་ལ་བསྡད་དེ་ཆིན་ཅིན་ཙེ་རུ་འབྱོར་བ་དང་། འཇར་པན་མང་ཚོགས་ཀྱིས་འབབ་ཚིགས་ཉེ་འདབས་སུ་སྤེལ་བའི་ངོ་རྒོལ་འདུ་ཚོགས་སྟེང་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནུས་པར་དོགས་པ་ཡོད་པ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་ཅེས་པ་དང་། འཐབ་འཁྲུག་མི་དགོས་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ཡོད།
ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ། དེ་མིན་ཉིང་རྡུལ་དམག་དཔུང་ཉུང་འཕྲི་སོགས་འདུས་ཡོད།
འཇར་པན་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཧྥང་ཀྲིན་གྱིས་ཉིན་དེར་དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ། ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་དང་གྲོས་མོལ་བྱས། གཞན་ཡང་འཇར་པན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལིན་ཧྥང་ཀྲིན་གྱིས་ཉེ་སྔོན་ད་རུང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་རྒྱལ་ཁབ་གཞན་པའི་ཕྱི་འབྲེལ་བློན་ཆེན་བར་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་ཟེར།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་ཀྱིས་གྲུབ་ཡོད། འཇར་པན་ནི་ད་ལོའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་གྲོས་དེ་ཟླ་ལྔ་བའི་ནང་འཇར་པན་གྱི་ཀོང་ཏའོ་རུ་བསྡུ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།