དབྱི་སི་རལ་གྱིས་ཡ་ཧུ་ད་པའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱི་སི་རལ་གྱིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཡེ་ལུའུ་སཱ་ལེམ་གྱི་ཧི་ཚི་ཨར་རི་བོའི་ཡཱ་ཏི་ཝ་ཞེ་མུའུ་དམར་གསོད་ཆེན་མོའི་རྗེས་དྲན་ཁང་ནས་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་ཀྱི་ཡ་ཧུ་ད་པའི་འདས་པོར་རྗེས་དྲན་བྱས།

དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་བཤད་རྒྱུར། མིག་སྔར་དབྱི་སི་རལ་གྱི་སྤྱི་ཚོགས་ཁ་བྲལ་གྱི་ཉེན་ཁར་འཕྲད་ཡོད་ཅིང་། མང་ཚོགས་དག་གིས་མཐུན་སྒྲིལ་བྱེད་པ་དང་། རྣམ་པ་གང་རུང་གི་འཁོན་འཛིན་དང་ཡ་ཧུ་ད་པའི་རྒོལ་བའི་རིང་ལུགས། རིགས་རྒྱུད་རིང་ལུགས་བཅས་ལ་འཐབ་རྩོད་བྱས་ནས། རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་གཏན་འཇགས་དང་དར་རྒྱས་ཐད་འབད་འབུངས་བྱེད་དགོས་ཟེར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མང་ཚོགས་དག་གིས་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་ལོ་རྒྱུས་མེ་ལོང་དུ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་རལ་གྱིས་དགོས་ངེས་ཀྱི་འགུལ་སྐྱོད་གང་རུང་སྤེལ་ནས་མིག་སྔའི་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་ཁོས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་ཞི་བདེ་ལ་སྐུལ་འདེད་གཏོང་བའི་རེ་འདུན་ཡོད་པའི་བསམ་ཚུལ་བསྟན།

བྱ་འགུལ་སྤེལ་སའི་ཡུལ་དངོས་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཡ་ཧུ་ད་པའི་འདས་པོ་ས་ཡ་དྲུག་མཚོན་པའི་དཔའ་འབར་དྲུག་དམར་གསོད་ཆེན་མོ་ལས་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མིའམ་དེའི་ཁྱིམ་མིའི་འཐུས་མི་དྲུག་གིས་རིམ་པ་བཞིན་དུ་སྦར། དཔའ་འབར་རེ་རེ་མ་སྦར་གོང་སྲོག་ཉེན་ལས་ཐར་བའི་མིས་བརྙན་རིས་ཆེན་མོ་བརྒྱུད་དེ་མང་ཚོགས་རྣམས་ལ་སྔོན་ཆད་ཀྱི་དཀའ་སྡུག་གི་གཏམ་རྒྱུད་དང་ད་ལྟའི་འཚོ་བའི་གནས་ཚུལ་བཤད་པ་རེད།

དབྱི་སི་རལ་ཀྲུང་དབྱང་བསྡོམས་རྩིས་ཅུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔར་དམར་གསོད་ཆེན་མོ་ལས་ཐར་བའི་མི་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཡ་ཧུ་ད་པར་རྒོལ་བའི་རིང་ལུགས་ཀྱི་གནོད་ཐེབས་མཁན་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ཙམ་གྱིས་དབྱི་སི་རལ་དུ་འཚོ་བ་རོལ་བཞིན་ཡོད།

དབྱི་སི་རལ་གྱི་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོ་དེ་ཡ་ཧུ་ད་པའི་རྩིས་ལྟར་དུ་གཏན་འཁེལ་བྱས་པ་ཡིན་ལ། ད་ལོའི་རྗེས་དྲན་ཉིན་མོ་དེ་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་གྱི་ཉི་ནུབ་ནས་མགོ་བརྩམས་ཏེ། ཚེས་བཅོ་བརྒྱད་ཉིན་གྱི་ཉིན་ནུབ་ཏུ་མཇུག་སྒྲིལ་རྒྱུ་རེད། ཚེས་བཅོ་བརྒྱད་ཉིན་དབྱི་སི་རལ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་ད་རུང་མུ་མཐུད་དུ་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།