ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གོས་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་ཁྲིམས་མཐུན་ལས་གནས་སླར་གསོ་བྱས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་རེད། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལིན་ཅི་ཙེ་ཡིས་ཉེ་སྔོན་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་མཚོ་དོན་བཅོས་སྐྱོང་དང་མཚོ་ཐོག་སྐྱེལ་འདྲེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས།
ལིན་ཅི་ཙེ་ཡིས་ཚེས་བཅུ་བཞི་ཉིན་ལོན་ཏོན་དུ་ཡོད་པའི་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲིན་ཙེ་ཀོང་ལ་ཐུག་འཕྲད་བྱས་ནས་གོང་གི་སྐད་ཆ་དེ་བཤད་པ་རེད།
ལིན་ཅི་ཙེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོས་མཚོ་ཐོག་སྐྱེལ་འདྲེན་དང་དྲོད་རླངས་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བའི་གྲོས་མོལ་སོགས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་ཐད་ནས་སྔར་ལས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཡོད་ལ། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཀྲུང་གོའི་བར་མཉམ་ལས་ཟབ་མོ་སྲུང་འཛིན་བྱེད་པར་མཐོང་ཆེན་བྱེད་འདོད་ཡོད་ཟེར།
ཀྲིན་ཙི་ཀོང་གིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་རྒྱལ་ཁབ་ཆེན་མོ་དང་གྲུ་གཟིངས་བཟོ་བའི་རྒྱལ་ཁབ་ཆེན་མོ། གྲུ་བ་མང་བའི་རྒྱལ་ཁབ་ཆེན་མོ་བཅས་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་བྱ་བར་ཟབ་ཞུགས་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་འཛམ་གླིང་ཡོངས་ཀྱི་མཚོ་དོན་བཅོས་སྐྱོང་ནང་འདྲེས་པར་བྱས་ཏེ། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ལས་དོན་གྱི་ཟབ་ཞུགས་མཁན་དང་བྱས་རྗེས་གལ་ཆེན་འཇོག་མཁན། ཕྱོགས་བསྡུས་ཁེ་ཕན་མྱོང་མཁན་བཅས་ཡིན་ཟེར།
ཀྲིན་ཙེ་ཀོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་དང་དྲུང་ཡིག་ཁྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་མཚོ་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།