ཨུ་རུ་སིའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག་གིས་འཇར་པན་མཚོ་ཁོངས་སུ་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་དམག་དོན་སྦྱོང་བརྡར་སྤེལ།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག་གིས་ཉེ་སྔོན་འཇར་པན་མཚོ་ཁོངས་ནས་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་དམག་དོན་སྦྱོང་བརྡར་སྤེལ།

བསྒྲགས་པ་ལྟར་ན། ཧྲ་པའོ་ཧྲི་ནེ་ཁི་ཧྥུའུ་དམག་དཔོན་ཆེན་མོ་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་དང་། ཕན་ཅེ་ལེ་ཡེ་ཧྥུའུ་མཚོ་ཐོག་དམག་དཔོན་རྟགས་ཅན་གྱི་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཆེན་མོས་སྦྱོང་བརྡར་བྱེད་སྐབས་མཚོ་ཐོག་དང་བར་སྣང་གི་ལད་བཟོའི་དམིགས་འབེན་མདེལ་གཏོང་འཕེན་བྱས་པ་དང་། ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཀྱིས་གྱེན་འཕུར་གནམ་གྲུའི་བརྡ་རྟགས་ལ་བརྟེན་ནས་དགྲ་ཕྱོགས་ཀྱི་ཆུ་འཛུལ་གྲུ་གཟིངས་འཚོལ་ཞིབ་བྱས། དགྲ་བོའི་ཆུ་འཛུལ་གྲུ་གཟིངས་རྙེད་རྗེས། ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཀྱིས་མེ་ཤུགས་འཕུར་མདའི་རྣམ་པ་ཅན་གྱི་ཆུ་འོག་འགད་རྫས་བཏང་ནས་གཏོར་བཤིག་བཏང་བ་རེད།

དམག་དོན་སྦྱོང་བརྡར་གྱི་འཆར་གཞི་ལྟར་ན། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་གྲུ་གཟིངས་ཀྱིས་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའི་ངོ་རྒོལ་སྦྱོང་བརྡར་བྱ་འགུལ་ལ་ཞུགས་པ་དང་། ཧྲ་པའོ་ཧྲི་ནེ་ཁི་ཧྥུའུ་དམག་དཔོན་ཆེན་མོ་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་དང་། ཕན་ཅེ་ལེ་ཡེ་ཧྥུའུ་མཚོ་ཐོག་དམག་དཔོན་རྟགས་ཅན་གྱི་ཆུར་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་ཆེན་མོས་བར་སྣང་གི་དམིགས་འབེན་ལ་མཁའ་སྲུང་འཕུར་མདའ་གཏོང་འཕེན་བྱས་པར་མ་ཟད། གྲུ་གཟིངས་སྟེང་གི་མེ་སྒྱོགས་བཀོལ་ནས་དམངས་སྤྱོད་མཚོ་ཐོག་སྐྱེལ་འདྲེན་ལ་འཇིགས་ཉེན་བཟོ་བའི་ཆུར་གཡེང་ཆུ་འོག་འགད་རྫས་གཏོར་བ་རེད།

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲུ་གཟིངས་རུ་ཁག་གི་དམག་གྲབས་རྣམ་པར་གློ་བུར་དུ་ཞིབ་བཤེར་བྱེད་སྐབས་སྤེལ་བ་རེད། ཧྲ་པའོ་ཧྲི་ནེ་ཁི་ཧྥུའུ་དམག་དཔོན་ཆེན་མོ་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་ཀྱི་གྲུ་དཔོན་མཱེ་ཨར་ཁུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་བཀའ་རྒྱ་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ནས་བཟུང་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་ཀྱི་དམག་གྲབས་རྣམ་པར་གློ་བུར་དུ་ཞིབ་བཤེར་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།