སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཞི་བཙོན་གྲོལ་བཏང་།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་མཱ་ལེ་ཅི་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། སོ་ཏི་ཨ་རབ་ཀྱིས་བཏོན་པའི་མི་ཆོས་རིང་ལུགས་ཀྱི་གྲོས་གཞི་ལྟར་དུ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་འཛིན་བཟུང་བྱས་པའི་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཞི་བཙོན་གྲོལ་བཏང་བ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཕན་ཚུན་གྱི་བཟུང་དམག་གཏོང་བའི་འགུལ་སྐྱོད་ཀྱང་མཇུག་བསྒྲིལ་བ་རེད།

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཱ་ལེ་ཅི་ཡིས་བཤད་ན་འགུལ་སྐྱོད་དེ་ནི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་རོགས་ལས་བྱས་ནས་ཡོངས་འགྲུབ་བྱས་པ་ཡིན་ལ། བཙོན་གྲོལ་བཏང་བའི་བཟུང་དམག་བརྒྱ་དང་བཞི་བོ་དེ་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་ལོག་ཡོད་ཟེར།

མཱ་ལེ་ཅི་ཡིས་བཤད་རྒྱུར། གོང་གི་གྲོས་གཞི་དེ་ནི་སོ་ཏི་ཨ་རབ་ཀྱིས་ཉེ་སྔོན་བཏོན་པའི་བཟུང་དམག་བཙོན་གྲོལ་གཏོང་བའི་མི་ཆོས་རིང་ལུགས་ཀྱི་གྲོས་གཞིའི་རྗེས་མཐུད་ཡིན་པ་དང་། དམིགས་ཡུལ་ནི་ཡེ་མིན་ཕྱོགས་ཁག་སོ་སོས་ཡེ་མིན་གྱི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འགོད་པར་སྣང་ཚུལ་བཟང་བོ་བསྐྲུན་པའི་ཆེད་དུ་རེད།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་བཀོད་པའི་བཟུང་དམག་བརྗེ་སྤོར་འགུལ་སྐྱོད་ཀྱི་གཏན་འཁེལ་ལྟར་ན། ཧུའུ་སེ་དྲག་ཆས་པས་བཙོན་གྲོལ་བཏང་བའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཟུང་དམག་བཅུ་དགུ་བོ་སོ་ཏི་ཨ་རབ་ཏུ་འབྱོར་ཡོད་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་ཉིས་བརྒྱ་དང་ལྔ་བཅུ་བཙོན་གྲོལ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།