ཚེས་བཅུ་དྲུག་ཉིན་སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་སོགས་ས་ཁུལ་ནས་མུ་མཐུད་དུ་དྲག་ཆས་འཁྲུག་རྩོད་བྱས། སུའུ་ཏན་སྨན་པའི་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་གོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་རེ་ལྔར་རྨས་ཕོག་ཡོད།
སུའུ་ཏན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ཁཱ་ཐུའུ་མུའུ་དང་ཨིན་ཐུའུ་མན། མཚོ་དམག་མངའ་སྡེའི་སུའུ་ཏན་གྲུ་ཁ་སོགས་སུ་འཁྲུག་རྩོད་དྲག་པོ་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་འདོན་འོག འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ནས་དགོང་མོའི་དུས་ཚོད་བདུན་བར་དུས་ཚོད་གསུམ་རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུ་ལམ་འབྱེད་པར་ཡིད་འཐད་བྱུང་ཡོད་ཀྱང་། གསར་འགོད་པས་ཁཱ་ཐུའུ་མུའུ་ནས་མཐོང་བའི་གནས་ཚུལ་ལྟར་ན། འཁྲུག་རྩོད་དེ་མཚམས་བཞག་མེད་པ་རེད།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ལས་ཁུངས་དེའི་ལས་བྱེད་མི་སྣ་གསུམ་ཚེས་བཅོ་ལྔ་ཉིན་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ལས་ཁུངས་དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནམ་གྲུ་གཅིག་ལ་ཚེས་བཅོ་ལྔ་ཉིན་ཁཱ་ཐུའུ་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཁྲུག་རྩོད་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། འཛམ་གླིང་འབྲི་རིགས་འཆར་འགོད་ཁང་གིས་སུའུ་ཏན་གྱི་རོགས་སྐྱོར་འགུལ་སྐྱོད་མཚམས་བཞག་ཡོད་ཟེར།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བཅུ་དྲུག་ཉིན་སུའུ་ཏན་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་རྗེས་གསལ་སྒྲོག་སྤེལ་ནས། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་ལ། ཞི་བདེའི་བྱེད་ཐབས་ཀྱིས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་སྡོད་པའི་སུའུ་ཏན་གྱི་འཐུས་མི་སཱ་ཏིས་ཀི་ཡིས་གྲོས་ཚོགས་སྐབས་སུ་བསྟན་དོན། སུའུ་ཏན་གྱི་མིག་སྔའི་འཁྲུག་རྩོད་ནི་རང་གི་ནང་ཁུལ་གྱི་ལས་དོན་ཡིན་ལ། སུའུ་ཏན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཨ་རབ་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱེད་དགོས་ཀྱང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་མི་རུང་ཟེར།
མིག་སྔར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཁཱ་ཐུའུ་མུའུ་ནས་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་པའི་ཨུ་ཡོན་ལྷན་ཁང་ལ་རྩ་འཛུགས་བྱས་ཡོད་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་བར་བར་འདུམ་བྱས་ནས་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་སུའུ་ཏན་དུ་འགྲོ་རྒྱུ་རེད་ཟེར།
ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། སུའུ་ཏན་ལྷོ་མ་དང་ཁུན་ནེ་ཡཱ། ཅི་པུའུ་ཐིས་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་སུའུ་ཏན་དུ་སོང་ནས་འཁྲུག་རྩོད་ལ་བར་འདུམ་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།