སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་ལས་མི་སེར་དཀྱུས་མ་བརྒྱ་ཕྲག་ལྷག་རྐྱེན་ལམ་དུ་ཤོར།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སུའུ་ཏན་གྱི་ས་ཁུལ་མང་བོའི་དྲག་ཆས་འཁྲུག་རྩོད་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་མུ་མཐུད་དུ་སྤེལ་བ་དང་། སུའུ་ཏན་ཀྲུང་དབྱང་སྨན་པའི་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། དྲག་ཆས་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་སེར་དཀྱུས་མ་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བཞི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་ཕའེ་ཨར་ཐི་སི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། འཁྲུག་རྩོད་ལས་མི་བརྒྱ་དང་གྱ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཚེས་བཅུ་བདུན་ཉིན། ཁཱ་ཐུའུ་མུའུ་ལྷོ་འདབས་དང་གནམ་གྲུ་ཐང་གི་ལམ། ནེ་ལོ་གཙང་བོའི་ལམ་ཆེན་སོགས་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱས། སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་ངོ་ལོག་རྩ་འཛུགས་སུ་ངོས་འཛིན་བྱས་ནས་དེ་གཏོར་དགོས་པའི་བཀའ་རྒྱ་བཏང་ཡོད། སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ད་རུང་བཤད་རྒྱུར། ཡང་བསྐྱར་རྒྱལ་ཁབ་རྒྱང་སྒྲོག་ཐོག་ཁང་ཆེན་མོ་ཚོད་འཛིན་བྱས་ནས་རྒྱང་སྒྲོག་སླར་གསོ་བྱས་ཡོད་ཟེར། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་བཤད་རྒྱུར། ཁཱ་ཐུའུ་མུའུ་མངའ་སྡེའི་འགྲོ་འོང་གི་ལམ་ཁ་ཚང་མ་དང་ཁཱ་ཐུའུ་མུའུ་གནམ་གྲུ་ཐང་ཚོད་འཛིན་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་ཆེད་ལས་སྨན་ཁང་ཆེ་གྲས་ཚང་མ་ཕྱིར་འཐེན་བྱེད་པའམ་ཞབས་ཞུ་མཚམས་མི་འཇོག་ཐབས་མེད་བྱུང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ནས་བྱུང་བའི་དྲག་ཆས་འཁྲུག་རྩོད་ལ་རྒོལ་གཏམ་བཏང་བ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་། ཞི་བའི་བྱེད་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་ལ། ཆབ་སྲིད་བར་བརྒལ་འཕེལ་རིམ་དུ་སླར་ལོག་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁའི་ཁོངས་གཏོགས་རྒྱལ་ཁབ་ཀ་ཕིན་དང་མའོ་སིང་པུས་ཁི། ཀ་ནཱ་བཅས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱིས་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་མ་ཡིན་པའི་འཕེལ་རྒྱས་རྩ་འཛུགས་ཀྱི་འདུམ་འགྲིག་ཚོགས་པའི་གནམ་གྲུར་མཁའ་ཁོངས་སྒོ་འབྱེད་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།