དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་དང་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེན་མན་གྱིས་ཕན་ཚུན་ལ་འཚམས་འདྲིའི་གདན་ཞུ་བྱས་ཟེར། ཁཱ་ནཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཀྱང་ཕན་ཚུན་ལ་འཚམས་འདྲིའི་གདན་ཞུ་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་ད་རུང་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ལུས་རྩལ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཡོད་ཟེར། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་བཅད་པ་དང་། ཟླ་འདིའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་པེ་ཅིང་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། དེ་ནི་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་རྗེས་སུ། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད། ཟླ་འདིའི་ཚེས་བཅུ་གཉིས་ཉིན། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ཡིས་སོ་ཏི་ཨི་རབ་ཏུ་འཚམས་འདྲི་བྱས་པ་རེད།
གཞན་ཡང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁཱ་ཐར་གྱིས་ཅང་མི་འགོར་བར་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་མ་ཟད་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།