ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་ཕྱོགས་མང་བོ་ནས་ཝུའུ་ཁི་ལན་དམག་དཔུང་ལ་དཔུང་འཇུག་བྱས་པ་དང་། ཨུ་རུ་སིའི་དྲག་ཆས་མི་སྣས་པཱ་ཧི་མུའུ་ཐི་གྲོང་ཁྱེར་དབུས་ཕྱོགས་དང་ནུབ་བྱང་ཕྱོགས་ཀྱི་སྲང་ལམ་གཉིས་ཚོད་འཛིན་བྱས་ཡོད་ཟེར། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་པཱ་ཧི་མུའུ་ཐི་སོགས་ཀྱི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་གི་ཐེངས་མང་བོའི་དཔུང་འཇུག་ལ་རྒོལ་ལན་སྤྲད་པར་མ་ཟད། ཨུ་རུ་སི་ཕྱོགས་ཀྱིས་ཚོད་འཛིན་བྱེད་སའི་དམིགས་འབེན་ཆམ་ཕབ་བཏང་ཡོད་ཟེར།
པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཝེ་ཨེ་ལཱ་ཡིས་ཚེས་བཅུ་བདུན་ཉིན་པཱ་ཞི་ལེ་ཡཱ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཝེ་ཨེ་ལཱ་ཡིས་རྒྱལ་ཁབ་རེ་འགས་ཕྱོགས་གཅིག་ནས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཤུགས་རྐྱེན་ངན་པ་བཟོས་པར་སྐྱོན་བརྗོད་བྱས།
ཨུ་རུ་སིའི་གསར་འགྱུར་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ཁབ་གྲོས་ཁང་ཞོལ་མས་ཨུ་རུ་སི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཐི་ལོས་ཞི་ལ་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་ནས། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་སྐྱེ་དངོས་ཚོད་ལྟ་ཁང་གི་བྱ་འགུལ་ཐད་ནས་གསལ་བཤད་བྱེད་དགོས་པའི་གདན་ཞུ་བྱས་ཀྱང་། ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་གདན་ཞུ་དེ་དང་ལེན་མ་བྱས།
ཕོ་ལན་དང་ཧང་ག་རིའི་སྲིད་གཞུང་གིས་ཉེ་སྔོན་སྔ་གཞུག་ཏུ་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་མཚམས་བཞག་པ་ཁྱབ་སྒྲོག་བྱས་རྗེས། སི་ལོ་ཝ་ཁིའི་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་ཝུའུ་ཁི་ལན་ནས་ཞིང་ཞོར་ཐོན་རྫས་སྐོར་ཞིག་ནང་འདྲེན་བྱེད་མཚམས་བཞག་སྟེ། རྒྱལ་ཁབ་རང་གི་ཞིང་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དངོས་སྐྱེལ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ལས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་མང་བོ་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་དག་ཏུ་གསོག་འཇོག་བྱས་ཡོད་པ་དང་། དེ་ལས་ས་དེའི་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་ལ་གནོད་པ་ཐེབས་བཞིན་ཡོད་པས་ས་དེའི་ཞིང་བ་དག་གིས་ངོ་རྒོལ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།