ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་གནད་སར་བཟུང་ཡོད།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ཚེས་བཅུ་བདུན་ཉིན་མའོ་སི་ཁོའི་ཀི་ལིན་ཝུའུ་ཏི་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ནས་སྤེལ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འཐུས་མིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་ལས་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས།

སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་ཐོན་ལས་ཕྱི་རྒྱལ་འཕེལ་རྒྱས་མཐུན་ཚོགས་དང་ཨུ་རུ་སིའི་ཚན་རིག་གླིང་རིགས་གཞུང་ཨུ་ཡོན་ལྷན་ཁང་། ཨུ་རུ་སིའི་ཀྲུང་གོའི་སྤྱིའི་ཚོང་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། གླེང་སྟེགས་ནས་ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་དང་། དཔལ་འབྱོར་གྱི་ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་མཉམ་སྤྱོད་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད་ལ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་ཀྱི་འཐུས་མི་བརྒྱ་དང་ལྔ་བཅུ་ལྷག་གླེང་སྟེགས་ལ་ཞུགས་ཡོད།

ཀྲུང་གོའི་ཐོན་ལས་ཕྱི་རྒྱལ་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་ཧི་ཀྲིན་ཝེ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ནས་ཀྲུང་གོའི་ས་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་ཁེ་ལས་པའི་ཚོགས་པ་ཨུ་རུ་སིར་རྟོག་ཞིབ་བརྗེ་རེས་བྱེད་དུ་གདན་འདྲེན་བྱས་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་གྱི་ནུས་མཐོའི་དངོས་གཉེར་གྱི་མཉམ་ལས་སྟེགས་བུ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་ཕན་ཚུན་ངོ་ཐུག་ནས་བརྗེ་རེས་དང་འབྲེལ་འདྲིས་བྱེད་ཐུབ་པར་བྱས་ཏེ། མ་འོངས་པར་མཉམ་ལས་གཏིང་ཟབ་བྱེད་པར་རྨང་གཞི་བཏང་ཡོད་ཟེར།

ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དཔལ་འབྱོར་ཚན་ཙན་ཀའོ་ཧྲི་ཞན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་རྨང་གཞི་བརྟན་པོ་ཡོད་ཅིང་། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མཐོ་ཚད་གསར་བར་བསླེབས་ཡོད་ལ། ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་གཏན་འཇགས་ངང་འཕར་སྣོན་བྱུང་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་དགོངས་དོན་དང་མཐུན་ཟེར།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གཞི་གཅིག་ཅན་དང་ཆེ་མཐོང་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་ཞེ་ཨར་ཀའེ་ཀི་ལཱ་ཅི་ཡེ་ཧྥུའུ་ཡིས་བཤད་རྒྱུར། གླེང་སྟེགས་སྤེལ་བ་ལས་ཨུ་རུ་སིའི་ཁེ་ལས་པས་ཀྲུང་གོའི་ལས་རིགས་གཅིག་མཐུན་བར་འབྲེལ་མཐུད་མཉམ་ལས་བྱེད་པའི་རེ་འདོད་ཡིད་བཞིན་དུ་བསྐང་བ་དང་། ཀྲུང་གོའི་ཁེ་ལས་པས་ཨུ་རུ་སི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོང་ར་རྒྱ་བསྐྱེད་པར་གོ་སྐབས་བཟང་བོ་འདོན་སྤྲོད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།