མའོ་ཞི་ཁོ་ཡི་ཙུང་ཐུང་གིས་ཨ་མེ་རི་ཁས་མའོ་ཞི་ཁོ་ནས་གསང་མྱུལ་བྱ་འགུལ་སྤེལ་བར་སྐྱོན་འཛུགས་བྱས།
2023.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མའོ་ཞི་ཁོ་ཡི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁས་མའོ་ཞི་ཁོ་ནས་ཐེ་གཏོགས་བྱ་སྤྱོད་དང་གསང་མྱུལ་བྱ་འགུལ་སྤེལ་བར་སྐྱོན་འཛུགས་བྱས།

ལོ་ཕའེ་སི་ཡིས་ཉིན་དེར་སྤེལ་བའི་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་དུག་རྫས་དོ་དམ་ཚོད་འཛིན་ཅུའུ་ཡིས་མའོ་ཞི་ཁོའི་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ཏུ། ས་དེའི་དུག་རྫས་ལྐོག་འཚོང་སྡེ་ཚོགས་ལ་རྩད་གཅོད་བྱས་པ་རེད། དེ་ནི་བརྙས་དམོད་རང་བཞིན་དང་ང་རྒྱལ་ཆེ་བའི་ཐེ་གཏོགས་བྱ་སྤྱོད་ཅིག་ཡིན་པས་དང་ལེན་བྱེད་ཐབས་མེད་ལ། རྒྱལ་ཁབ་གཞན་པའི་གསང་མྱུལ་བ་དང་བདེ་འཇགས་ལས་ཁུངས་གང་རུང་གིས་མའོ་སི་ཁོ་ཡི་མངའ་ཁོངས་ནས་གསང་མྱུལ་བྱ་འགུལ་སྤེལ་མི་རུང་ཟེར།

ལོ་ཕའེ་སི་ཡིས་བསྟན་དོན། མའོ་ཞི་ཁོ་དང་ཨ་མེ་རི་ཁའི་བདེ་འཇགས་གནད་དོན་མཉམ་ལས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་མའོ་ཞི་ཁོ་ཡི་སྤྱི་བའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན། སྒེར་ཚུགས་ཀྱི་རྒྱལ་ཁབ་གཞན་པའི་ནང་སྲིད་ལས་དོན་ལ་ཐེ་གཏོགས་མ་བྱས་ན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་བར་དུ་ད་གཟོད་ཕན་ཚུན་བརྩི་འཇོག་བྱེད་པའི་འབྲེལ་བ་འཛུགས་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།