སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཉིན་དེར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་ཧྥེ་སཱ་ཨར་ལ་ཐུག་འཕྲད་བྱས།
པཱ་ཧྲ་ཨར་གྱིས་བསྟན་དོན། སི་རི་ཡཱ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་བཟང་བོ་ནི་རང་བྱུང་གི་རྣམ་པར་མངོན་པ་དང་། འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པར་མ་ཟད། ཨ་རབ་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ཕན་ཡང་མངོན་པར་མཚོན་ཡོད། སོ་ཏི་ཨ་རབ་ཀྱིས་ལག་བསྟར་བྱེད་པའི་སྒོ་འབྱེད་དང་དངོས་གཉེར་གྱི་སྲིད་ཇུས་དེ་ཨ་རབ་རྒྱལ་ཁབ་དང་ས་ཁུལ་གྱི་ཁེ་ཕན་དང་འཚམ་ཟེར།
ཧྥེ་སཱ་ཨར་གྱིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདེ་འཇགས། གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སི་རི་ཡཱའི་ཡུལ་གྱར་བ་དང་ཁྱིམ་གཞིས་དང་བྲལ་བའི་མི་རྣམས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་ཁོར་ཡུག་འཚམ་པོ་ཞིག་བསྐྲུན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། སི་རི་ཡཱ་དང་སི་རི་ཡཱའི་མི་དམངས་ཀྱིས་འཐབ་འཁྲུག་གི་ཤུགས་རྐྱེན་ཁྱད་དུ་བསལ་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར། ཧྥེ་སཱ་ཨར་གྱིས་ད་རུང་བསྟན་དོན། དུས་རིམ་རྗེས་མར་སི་རི་ཡཱ་དང་ཨ་རབ་སྤུན་ཟླའི་རྒྱལ་ཁབ་བར་གྱི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་དགོས་ཡོད་ཟེར།
ཟླ་འདིའི་ཚེས་བཅུ་གཉིས་ཉིན། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ཡིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་ཏེ་ཧྥེ་སཱ་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཁང་གི་ཞབས་ཞུ་དང་གནམ་གྲུའི་གཏོང་ཐེངས་སླར་གསོ་བྱེད་མགོ་བརྩམས་པར་དགའ་བསུ་བྱེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།