མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། སྨྱན་བྱད་སོགས་ཀྱིས་བསྒྲགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོ་གཞན་པའི་བརྡ་འཕྲིན་བརྗེ་རེས་ལ་ཨ་མེ་རི་ཁའི་སྲིད་གཞུང་གིས་ལྐོག་ཉན་བྱས་པའི་དོན་རྐྱེན་ལ་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་ལ་དོན་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན་ཡོད་ཟེར།
ཏིས་ཡཱ་ལི་ཁི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁར་གསལ་བོར་བཤད་ཡོད། བྱ་སྤྱོད་དེ་རིགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་དབང་དང་སྲོག་ཐར་དུ་གཏོང་བའི་སྤྱི་ཆིངས་ཁྲོད་བཏོན་པའི་ཨ་མེ་རི་ཁའི་འོས་འགན་དང་གཅིག་མཐུན་མིན་ཟེར།
སྨྱན་བྱད་མང་བོས་ཉེ་སྔོན་གསང་བ་ཕྱིར་ཤོར་བའི་ཨ་མེ་རི་ཁའི་དམག་དཔུང་གི་གསང་བའི་ཡིག་ཆ་དྲངས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་རྒྱལ་ཁབ་རེ་འགའི་མཐོ་རིམ་དཔོན་པོར་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གི་ལྐོག་ཉན་ཐེབས་ཡོད་པའི་ཚུལ་བསྟན། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་གྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཚགས་པར་དེར་ཐོབ་པའི་གསང་བའི་ཡིག་ཆ་བཞི་ལས་མངོན་པ་ལྟར་ན། ཨ་མེ་རི་ཁས་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་གཞན་པ། དེ་མིན་རྒྱལ་ཁབ་རེ་འགའི་མགོ་ཁྲིད་པའི་གླེང་མོལ་ལ་ལྐོག་ཉན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།