མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ཚེས་བཅོ་བརྒྱད་ཉིན་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ། བྱ་འགུལ་དེའི་དམིགས་ཡུལ་ནི་རྒྱ་ཡིག་སྐད་བརྡའི་འགུག་ཤུགས་མངོན་ནས་དཔལ་འབྱོར་བརྗེ་རེས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་རེད།
ཉིན་དེའི་བརྗོད་དོན་གླེང་སྟེགས་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་དབྱང་ཅིན་ཧྥ་ཡིས་གཏམ་བཤད་སྤེལ་ཏེ། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་གི་ཉིན་མོའི་བརྗོད་སྙིང་ནི་རྒྱ་ཡིག་གིས་དཔལ་འབྱོར་བརྗེ་རེས་ཇེ་ཟབ་ཏུ་བཏང་ཞེས་པ་དེ་ཡིན་ལ། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐད་བརྡ་དང་རིག་གནས་ཀྱི་སྣ་མང་རིང་བཞིན་སྲུང་སྐྱོབ་བྱེད་པ་དང་། དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཡུན་རིང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་དང་ཚད་མཐོའི་མཐུན་པོ་བྱུང་ཡོད།
ཀྲུང་གོའི་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཅེ་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། སྐད་བརྡ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྟེན་ཡིན་ཞིང་། རྒྱ་ཡིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་ཕྱོགས་ཀྱི་སྐད་བརྡ་དྲུག་གི་ཡ་གྱལ་ཡིན་ལ། ཀྲུང་གོ་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་པའི་མཚམས་སྦྱོར་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་མི་གཞུང་བརྗེ་རེས་དང་རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བརྡ་འཕྲིན་དྲིལ་སྒྲོག་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་པ་ཐའོ་ཧྥེ་ཁི་ཅཱ་ལཱ་ཞི་ཡིས་བསྟན་དོན། སའི་གོ་ལའི་སྟེང་བེད་སྤྱོད་ཁྱབ་རྒྱ་ཆེས་ཆེ་བའི་སྐད་བརྡ་ཞིག་ཡིན་པའི་ཆ་ནས། རྒྱ་ཡིག་ནི་སྐད་བརྡ་ཞིག་ཡིན་པར་མ་ཟད། ཐུན་མིན་བསམ་གཞིགས་བྱེད་ཐབས་སུ་བགྲོད་སའི་སྒེའུ་ཁུང་ཞིག་དང་། འོད་སྟོང་འབར་བའི་རིག་གནས་དང་རྒྱུན་རིང་བའི་ལོ་རྒྱུས་འགྲེལ་བརྗོད་བྱེད་པའི་སྒེའུ་ཁུང་ཞིག་ཡིན་ལ། དུས་རབས་འགའི་རིང་གི་དཔལ་ཡོན་བརྗེ་རེས་ཁུངས་འདེད་བྱེད་པའི་སྒེའུ་ཁུང་ཞིག་ཡིན། རྒྱ་ཡིག་གི་ཉིན་མོའི་བྱ་འགུལ་གྱིས་སྒེའུ་ཁུང་དེ་འབྱེད་པའི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།
ཉིན་དེའི་བྱ་འགུལ་ལ་གཙོ་བོ་བརྗོད་དོན་གླེང་སྟེགས་དང་སྣེ་ལེན་ཚོགས་འདུ་འདུས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་སློབ་གསོ་པུའུ་ཀྲུང་ཕྱིའི་སྐད་བརྡའི་བརྗེ་རེས་མཉམ་ལས་ལྟེ་གནས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཡོ་རོབ་གླིང་སྤྱིའི་ས་ཚིགས་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། རྒྱལ་ཁབ་སོ་སོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ། ཧྥ་རན་སི་དང་ཡོ་རོབ་གླིང་གི་མཐོ་རིམ་སློབ་གྲྭ་བཅས་ནས་ཡོང་བའི་མི་ཉིས་བརྒྱ་ལྷག་བརྗོད་དོན་གླེང་སྟེགས་ལ་ཞུགས། སྣེ་ལེན་ཚོགས་འདུའི་སྐབས་སུ་རྒྱ་ཡིག་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བརྙན་ཐུང་བཏང་བར་མ་ཟད། ད་རུང་ཡིག་གཟུགས་དང་ཇའི་སྒྱུ་རྩལ་གྱི་འཁྲབ་སྟོན་དང་རྒྱ་སྐད་ཀྱི་གླུ་དབྱངས་འཁྲབ་ལེན་སོགས་ཀྱང་ཀུན་གྱི་ལྷད་མོར་ཕུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཆིས་ཞིན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུའུ་ཡི་ཀྲུའུ་ཞི་ཐཱ་མཱ་ལཱ་ཞི་ཡཱ་མཱ་ཧྲི་ཝེ་ལེ་གཉིས་ཀྱིས་སོ་སོར་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ།
བསོད་ནམས་ཚེ་རིང་གིས་བསྒྱུར།