ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་བཟུང་དམག་དོན་བདུན་བཙོན་གྲོལ་བཏང་།
2023.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་བཟུང་དམག་དོན་བདུན་བཙོན་གྲོལ་བཏང་ཡོད་ཟེར།

ཧུའུ་སེ་དྲག་ཆས་པསའི་བཟུང་དམག་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཨ་པུའུ་ཏུའུ་ལེ་ཁཱ་ཏིས་ཨར་མུའུ་ཨར་ཐཱ་ཏཱ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འགུལ་སྐྱོད་དེ་སྤེལ་བ་ནི་མཛའ་མཐུན་གྱི་རྣམ་འགྱུར་སྟོན་པའི་ཆེད་དུ་ཡིན་ལ། མ་འོངས་པར་ཡེ་མིན་སྲིད་གཞུང་བར་སྔར་ལས་གཞི་རྒྱ་ཆེ་བའི་བཟུང་དམག་བརྗེ་སྤོར་གྱི་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཟེར།

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ནས་བཟུང་། ཡེ་མིན་སྲིད་གཞུང་དང་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་། ཧུའུ་སེ་དྲག་ཆས་པས་བཅས་ཀྱིས་དུས་ཡུན་ཉིན་གསུམ་རིང་གཞི་རྒྱ་ཆེ་བའི་བཟུང་དམག་བརྗེ་སྤོར་གྱི་འགུལ་སྐྱོད་སྤེལ་ནས། ཕྱོགས་སོ་སོས་བསྡོམས་པས་བཟུང་དམག་བརྒྱད་བརྒྱ་དང་བརྒྱད་ཅུ་ལྷག་བཙོན་གྲོལ་བཏང་བ་རེད། ཚེས་བཅུ་བདུན་ཉིན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འཛིན་བཟུང་བྱས་པའི་ཧུའུ་སེ་དྲག་ཆས་པའི་དྲག་ཆས་མི་སྣ་བརྒྱ་དང་བཞི་བཙོན་གྲོལ་བཏང་བ་ཁྱབ་བསྒྲགས་བྱས།

ཉེ་སྔོན། སོ་ཏི་ཨ་རབ་དང་དབྱི་ལིང་གི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་དང་བསྟུན་ནས། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལའང་སྣང་ཚུལ་བཟང་བོ་བྱུང་ཡོད། ཟླ་འདིའི་ཚེས་དྲུག་ཉིན། ཡེ་མིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སོ་ཏི་ཨརབ་ཀྱི་རྒྱལ་སྲུང་བློན་ཆེན་ཧཱ་ལི་ཏི་པིན་སཱ་ལེ་མན་དང་གྲོས་མོལ་བྱས་ཏེ། ཕྱོགས་ཡོངས་ནས་ཡེ་མིན་གྱི་ཞི་བདེའི་ལམ་ཐིག་རི་མོ་སླར་གསོ་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། ཧུའུ་སེ་དྲག་ཆས་པ་དང་བཅས་པའི་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ཇུས་གཞི་གྲོས་བསྡུར་བྱས། ཚེས་དགུ་ཉིན། ཧུའུ་སེ་དྲག་ཆས་པའི་མཐོ་རིམ་དཔོན་པོ་མེད་ཧི་ཏིས་མཱ་ཧྲ་ཐི་ཡིས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་ཡེ་མིན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་མུའུ་ཧན་མའོ་ཏི་ཅཱ་པུས་ཨར་གྱིས་ཁྲིད་པའི་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར་ཡུན་ཚད་ལོངས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་འགོད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།