ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གིས་དམག་གྲབས་གློ་བུར་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ནས་བཟུང་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་དམག་གྲབས་རྣམ་པར་གློ་བུར་དུ་ཞིབ་བཤེར་བྱེད་མགོ་བརྩམས། ཐེངས་འདིའི་གློ་བུར་ཞིབ་བཤེར་ལ་ཨུ་རུ་སིའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་ཡེ་ཧྥུའུ་མཱེ་ནོའུ་ཧྥུའུ་ཡིས་མགོ་ཁྲིད་བྱས་ཡོད་པ་དང་། དཔོན་དམག་ཁྲི་གཉིས་དང་སྟོང་ལྔ་དང་། གནམ་གྲུ་དང་གྱེན་འཕུར་གནམ་གྲུ་དགུ་བཅུ། ཆུ་འཛུལ་གྲུ་གཟིངས་བཅུ་བཅས་འདུས་པའི་གྲུ་གཟིངས་བརྒྱ་དང་དྲུག་ཅུ་ཙམ་ཞིབ་བཤེར་ལ་ཞུགས་ཡོད།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤྱི་སྒྲོག་སྤེལ་ཏེ། གྲུ་གཟིངས་རུ་ཁག་གི་བཀོད་འདོམ་པུའུ་དང་མི་སྣས་དུས་ཡུན་ཐུང་ངུའི་ནང་འཐབ་འཁྲུག་གི་གྲ་སྒྲིག་དང་འཐབ་འཁྲུག་གི་བཀོད་སྒྲིག ཉེ་རིང་ཀུན་གྱི་མཚོ་ཁོངས་ཀྱི་འཐབ་འཁྲུག་སྦྱོང་བརྡར་ལས་འགན་བཅས་ཡོངས་འགྲུབ་བྱས་ཡོད། འཇར་པན་མཚོ་ཁོངས་དང་ཨིག་ཧའོ་ཚི་ཁི་མཚོ། པེ་ལིན་མཚོ་བཅས་ཀྱི་ངེས་གཏན་ས་ཁོངས་ཀྱི་གྲུ་གཟིངས་དཔོན་དམག་གིས་གཞི་རྒྱ་ཆེ་བའི་འཕུར་མདའི་བར་སྣང་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པ་དང་། ཆུ་འཛུལ་གྲུ་གཟིངས་སྔོག་བཤེར་དང་གཏོར་བཤིག་གཏོང་བ། ཆུ་འོག་འགད་རྫས་ལ་མེ་སྒྱོགས་ཀྱིས་ཆམ་ཕབ་གཏོང་བ། གྲུ་གཟིངས་ལ་ཆམ་ཕབ་གཏོང་བ་དང་ངེས་གཏན་གྱི་ས་ངོས་དམིགས་འབེན་ལ་འཕུར་མདའ་གཏོང་འཕེན་བྱེད་པ་སོགས་ཀྱི་སྦྱོང་བརྡར་ལས་འགན་ལག་བསྟར་བྱས་པ་རེད།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དམག་གྲབས་གློ་བུར་ཞིབ་བཤེར་བྱ་བའི་ཁྲོད། སྤྱོད་སྒོ་མང་བའི་ཆུ་འཛུལ་གྲུ་གཟིངས་དང་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་དཔུང་འཇུག་གྲུ་གཟིངས། མཚོ་འགྲམ་གྱི་རྟེན་གཞིའི་འཕུར་མདའི་མ་ལག་བཅས་ཀྱིས་ཨུ་རུ་སིའི་མཁའ་དམག་གི་རྒྱང་བསྐྱོད་མཁའ་འགྲུལ་དམག་དཔུང་དང་། ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་མཁའ་འགྲུལ་དམག་དཔུང་བཅས་དང་མཉམ་དུ་འཐབ་རྩས་གཞོགས་འདེགས་བྱས་ནས། འགུལ་སྐྱོད་ཇུས་གཞི་སྣ་མང་ལ་སྦྱོང་བརྡར་བྱས།
ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཐེངས་འདིའི་གློ་བུར་ཞིབ་བཤེར་བྱ་བའི་དམིགས་ཡུལ་ནི་ཨུ་རུ་སིའི་དམག་དཔུང་གིས་དགྲ་བོས་མཚོ་ཐོག་ནས་ཚུར་རྒོལ་བྱེད་པར་རྒོལ་ལན་སྤྲོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།