ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ལ་ཐུག་འཕྲད་བྱས། ཨ་མེ་རི་ཁ་དང་ཧི་ལན། ཏན་མག་སོགས་རྒྱལ་ཁབ་ཀྱིས་ཉེ་སྔོན་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ས་དེའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། སི་ཐའོ་ཨར་ཐིན་པེ་ཀི་ཡིས་དངོས་སུ་ཁྱབ་བསྒྲགས་མ་བྱས་པའི་གནས་ཚུལ་འོག་གློ་བུར་དུ་ཅི་ཧྥུའུ་རུ་འཚམས་འདྲི་བྱས། ཝུའུ་ཁི་ལན་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་སི་ཐའོ་ཨར་ཐིན་པེ་ཀི་དང་གྲོས་མོལ་བྱེད་སྐབས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་མ་ཞུགས་གོང་གི་བདེ་འཇགས་འགན་སྲུང་སོགས་གནད་དོན་ལ་གྲོས་བསྡུར་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། སི་ཐའོ་ཨར་ཐིན་པེ་ཀི་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཙེ་ལེན་སི་ཅི་ཡིས་བཏོན་པའི་ཞི་བདེའི་ཇུས་གཞིར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་དམག་དཔུང་གི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས།
ཧི་ལན་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། ཧི་ལན་དང་ཏན་མག་གིས་མཉམ་དུ་ཝུའུ་ཁི་ལན་གྱི་ཆེད་དུ་གཟིག2A4རྟགས་ཅན་གྱི་ཐན་ཁི་འཁོར་ལོ་བཅུ་བཞི་ཉོས་ཡོད་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་བཞི་ལོར་ཝུའུ་ཁི་ལན་དུ་བསྐྱལ་ཐུབ། ཐན་ཁི་དེ་དག་གི་རིན་གོང་ཧ་ལམ་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་ཡིན་ལ། ཧི་ལན་དང་ཏན་མག་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཉོ་བསྡུའི་གྲོན་དངུལ་ལ་འགན་ཁུར་རྒྱུ་རེད། དེ་ལས་གཞན་ཧི་ལན་གྱིས་ད་རུང་ཡོ་རོབ་གླིང་འགོག་སྲུང་ཅུའུ་ལ་ཡོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གྱི་ཞལ་འདེབས་ཕུལ་ནས། མནའ་མཐུན་རྒྱལ་ཁབ་གཞན་པ་དང་མཉམ་དུ་ཝུའུ་ཁི་ལན་ལ་ཁའི་ཞེང་ཚད་ཧའོ་སྨིད155ཡོད་པའི་མེ་སྒྱོགས་དང་སྒྱོགས་མདེལ་ཉོ་བསྡུ་བྱེད་པའི་ཐད་བཀོལ་རྒྱུའི་འཆར་གཞི་ཡོད།
ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསལ་ཁྲ་ལྟར་ན། ཐེངས་འདིའི་རོགས་སྐྱོར་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚུན་ལ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཐེངས་སོ་དྲུག་པར་ཙུང་ཐུང་གི་སྲིད་འཛིན་དབང་ཆ་བཀོལ་ནས་ཐད་ཀར་དུ་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་མ་དངུལ་ལ་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།