མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉི་ཤུ་ཉིན་སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གིས་སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ་ཉིན་གསུམ་ལ་འཁྲུག་རྩོད་མཚམས་བཞག་སྟེ། མི་སེར་དཀྱུས་མ་དག་འཐབ་འཁྲུག་ལ་གཡོལ་བ་དང་སྨན་པར་སྟོན་པ། ཟས་རིགས་སོགས་གནད་འགག་གི་དངོས་རྫས་ལེན་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཉིན་དེར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་བསྡུས་པའི་སུའུ་ཏན་གནས་བབ་ཀྱི་བརྙན་རིས་གྲོས་ཚོགས་ལ་ཞུགས། ཁོས་གྲོས་ཚོགས་གྲོལ་རྗེས་སྨྱན་བྱད་ལ་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པར་མ་ཟད། ནུས་པ་གང་ཡོད་ཀྱིས་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུའི་ཚུལ་བསྟན། ཁོས་ནན་གྱིས་བསྟན་དོན། འཁྲུག་རྩོད་མཚམས་བཞག་རྗེས་ཕྱོགས་སོ་སོས་ངེས་པར་དུ་ཆབ་སྲིད་བར་བརྒལ་བདེ་བླག་ངང་ཡོངས་འགྲུབ་བྱེད་རག་བར་དུ་གཟབ་ནན་གྱིས་གྲོས་མོལ་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་སུའུ་ཏན་གྱི་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པ་དང་། ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནས་བབ། འཐབ་འཁྲུག་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པ་བཅས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། སུའུ་ཏན་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་ཡོད། ཁོས་ཕྱོགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་སྒོས་འཁྲུག་རྩོད་ཕྱོགས་ཁག་ལ་གནོན་ཤུགས་བྱིན་ནས་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་དགོས་པའི་སྐུལ་མ་བཏང་།
སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་དྲག་ཆས་འཁྲུག་རྩོད་དེ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་མགོ་བརྩམས་པ་དང་། འཁྲུག་རྩོད་དེ་ཆེས་ཐོག་མར་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ལྷོ་འདབས་ཀྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་ཁང་ནས་བྱུང་བ་ཡིན་ལ། རྗེས་སུ་ཁཱ་ཐུའུ་མུའུ་ས་ཁོངས་ཧྲིལ་བོ་དང་མངའ་སྡེ་གཞན་པར་རྒྱ་ཡན་དུ་སོང་བ་རེད། ཐེངས་འདིའི་འཁྲུག་རྩོད་ཀྱི་ཐད་ཀར་གྱི་འབྱུང་རྐྱེན་ནི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དམག་དཔུང་གི་བཅོས་བསྒྱུར་ཁྲོད་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་སྐམ་དམག་གི་ཁོངས་སུ་འཇུག་པར་མ་དགའ་བས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།