སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་འཁྲུག་རྩོད་དྲག་པོ་བྱས་པ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སྔར་བཞིན་གྲོང་ཁྱེར་ལྟེ་གནས་ཀྱི་ས་ཁུལ་སྐོར་ཞིག་ཚོད་འཛིན་བྱས་ཡོད།
ཁཱ་ཐུའུ་མུའུ་ནས་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོ་ནས་བཟུང་མེ་མདའ་དང་མེ་སྒྱོགས་བཀོལ་ནས་འཁྲུག་རྩོད་དྲག་པོ་བྱས་པ་དང་། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་མེ་མདའི་སྒྲ་ཅུང་ཞི་འཇགས་སུ་སོང་བ་དང་། དུས་ཚོད་གཅིག་ཙམ་གྱི་རྗེས་སུ་ཡང་བསྐྱར་མེ་མདའི་སྒྲ་ཇེ་ཆེར་སོང་ཡོད་ལ། མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་དེ་གཙོ་བོ་སྔོན་ཆད་འཁྲུག་རྩོད་བྱུང་སའི་རྒྱལ་སྲུང་པུའུ་དང་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་བྱུང་བ་རེད་ཟེར།
གསར་འགོད་པས་ཁཱ་ཐུའུ་མུའུ་གྲོང་ཁྱེར་ལྟེ་གནས་ཀྱི་ལེ་ཡཱ་ཏི་ས་ཁུལ་ནས་མཐོང་བ་ལྟར་ན། སྲང་ལམ་གཙོ་བོའི་སྟེང་གི་ཚོང་ཁང་དག་གིས་ལང་ལོང་སྒོས་སྒོ་བརྒྱབ་པ་དང་། སྲང་ལམ་དུ་རླངས་འཁོར་དང་ལམ་འགྲོ་བ་ཇེ་ཉུང་དུ་སོང་ཡོད། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སྔར་བཞིན་གྲོང་ཁྱེར་ལྟེ་གནས་ཀྱི་ས་ཁུལ་སྐོར་ཞིག་ཚོད་འཛིན་བྱས་ཡོད་པ་དང་། ཕར་འགྲོ་ཚུར་འོང་གི་རླངས་འཁོར་དག་གི་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་པར་མ་ཟད། ལམ་འགྲོ་བ་དག་གིས་པར་ལེན་པའམ་བརྙན་ལེན་པར་གཏན་འགོག་བྱེད་བཞིན་ཡོད།
སུའུ་ཏན་དྲག་ཆས་དམག་དཔུང་གིས་བདེ་འཇགས་ཀྱི་ཉེན་བརྡ་བཏང་སྟེ། ཁཱ་ཐུའུ་མུའུ་ཡི་སྡོད་དམངས་དག་རང་ཁྱིམ་ནས་སྡོད་དགོས་པའི་རེ་བ་བཏོན།
སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསར་འགོད་པར་བཤད་རྒྱུར། དྲག་ཆས་འཁྲུག་རྩོད་དེ་ལས་མི་སེར་དཀྱུས་མ་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་ལྷག་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།