སུའུ་ཏན་དྲག་ཆས་དམག་དཔུང་གིས་སྐམ་དམག་དམག་སྤྱི་ཁང་གི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་པ་ཁྱབ་བསྒྲགས་བྱས།
2023.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། དྲག་ཆས་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་གྲོང་ཁྱེར་ལྟེ་གནས་ཀྱི་སྐམ་དམག་དམག་སྤྱི་ཁང་གི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་ཡོད་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གིས་འདོན་སྤྲོད་བྱས་པའི་བརྙན་རིས་ལས་མངོན་པ་ལྟར་ན། སྐམ་དམག་གི་དམག་མི་རེ་འགས་སྐམ་དམག་དམག་སྤྱི་ཁང་གི་ཐོག་ཁང་གཙོ་བོའི་མདུན་རྒྱལ་ཁར་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར། བཀོད་འདོམ་དཔོན་པོ་གཅིག་གིས་བཤད་རྒྱུར། དྲག་ཆས་དམག་དཔུང་གིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་དམག་སྤྱི་ཁང་ནས་མཐར་སྐྲོད་བཏང་བ་དང་། ང་ཚོས་ཁོ་ཚོ་བཙན་བཟུང་གི་གནས་ཚང་མ་ནས་གཙང་ཕྱགས་བྱེད་རྩིས་ཡོད་ཟེར།

སུའུ་ཏན་གྱི་སྐམ་དམག་གིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་པའི་སྤྱི་སྒྲོག་ལྟར་ན། འཁྲུག་རྩོད་དེ་ཕན་ཚུན་འཐབ་རེས་བྱེད་པ་ནས་རིམ་བཞིན་ཁཱ་ཐུའུ་མུའུ་ཉེ་འཁོར་གྱི་ངོ་ལོག་རྩ་འཛུགས་གཙང་ཕྱགས་བྱེད་པའི་དུས་རིམ་དུ་བསླེབས་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་ལ་བཤད་རྒྱུར། འཁྲུག་རྩོད་དེ་ཉིན་དེར་ཁཱ་ཐུའུ་མུའུ་ལྷོ་འདབས་སུ་བསྒྱུར་བ་དང་། ཁཱ་ཐུའུ་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ཉེ་འཁོར་གྱི་སྲང་ལམ་གཙོ་བོ་དག་དྲག་ཆས་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་ཟེར།

ཚེས་ཉེར་གཅིག་ཉིན་གྱི་ཉིན་གུང་། ཁཱ་ཐུའུ་མུའུ་ནས་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་རིམ་གྱིས་འཇགས་པ་རེད། སུའུ་ཏན་གྱི་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཁཱ་ཐུའུ་མུའུ་རུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་ལ་སྤྱི་སྒྲོག་སྤེལ་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དེ་གྲོང་ཁྱེར་ལྟེ་གནས་ཀྱི་སྲང་ལམ་ཨང་དྲུག་ཅུ་བ་བརྒྱུད་དེ་མཁར་ཕྱིར་ཕྱིར་འཐེན་བྱེད་བཞིན་ཡོད་ཟེར།

སུའུ་ཏན་འཕྲོད་བསྟེན་པུའུ་ཀྲང་དབྱེ་པུའུ་ལཱ་ཞིན་གྱིས་གསལ་སྒྲོག་ལས་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་གི་དྲག་ཆས་འཁྲུག་རྩོད་ལས་མི་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་ལྔ་བརྒྱ་ཙམ་ལ་རྨས་ཕོག་ཡོད་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་དྲག་ཆས་འཁྲུག་རྩོད་དེ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་མགོ་བརྩམས་པ་དང་། འཁྲུག་རྩོད་དེ་ཆེས་ཐོག་མར་ཁཱ་ཐུའུ་མུའུ་ལྷོ་འདབས་ཀྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་ཁང་ནས་བྱུང་བ་དང་། རྗེས་སུ་མྱུར་མོར་ཁཱ་ཐུའུ་མུའུ་གྲོང་ཁྱེར་ཧྲིལ་བོ་དང་མངའ་སྡེ་སོ་སོར་མཆེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།