ས་དེའི་དུས་ཚོད་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁི་ཟི་ཡིས་མཱ་ནིས་ལ་རུ་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་ལ་ཐུག་འཕྲད་བྱས།
མཱ་ཁི་ཟི་ཡིས་ཆིན་ཀང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་ཏེ་བསྟན་དོན། ལོ་ཞེ་བརྒྱད་ཀྱི་སྔོན་ལ། ངའི་ཡབ་ཆེན་ཏེ་གྲོངས་ཟིན་པའི་ཙུང་ཐུང་མཱ་ཁི་ཟི་ཡིས་ཀྲུང་གོའི་མགོ་ཁྲིད་རྒན་རབས་པ་དང་མཉམ་དུ། ཧྥི་ལི་ཕིན་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཛུགས་རྒྱུར་གཏན་འཁེལ་ཡང་དག་བྱས་ནས་ཤུལ་བཞག་རྩ་ཆེན་བཞག་ཡོད། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཧྥི་ལི་ཕིན་ཕྱོགས་ཀྱིས་སྔར་སྲོལ་བཞིན་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་བརྩི་སྲུང་ཞུ་རྒྱུ་ཡིན། ཧྥི་ལི་ཕིན་ཕྱོགས་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ཏེ། ཧྥི་ལི་ཕིན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། འབྲེལ་གཏུག་ལ་ཤུགས་སྣོན་པ། མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཁྱོན་ཡོངས་ལ་འགོག་རྐྱེན་མི་བཟོ་བ་དང་། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།
ཆིན་ཀང་གིས་བཤད་རྒྱུར། ཙུང་ཐུང་མཱ་ཁི་ཟི་ཡིས་ད་ལོའི་ལོ་མགོར་ཀྲུང་གོར་འཚམས་འདྲི་གནང་བའི་རིང་ལ། ཕྱོགས་གཉིས་ཀས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་གཉིས་ཀས་ཁྱིམ་མཚེས་དང་གཉེན་ཉེ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡག་པོ་བྱེད་རྒྱུ་གཏན་ཁེལ་བྱས་པ་དང་། ཧྥི་ལི་ཕིན་ཕྱོགས་དང་ཀྲུང་གོ་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། མཛེས་པའི་ཕུགས་བསམ་དེ་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམིགས་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་རྐང་བཙུགས་ཏེ། ཐའེ་ཝན་དང་འབྲེལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དོ་ཁུར་ལ་ལན་ཁ་གསལ་བཏབ་པ་དང་། ཀྲུང་གོའི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱས་ཏེ། འཐབ་ཇུས་རང་བརྟེན་རྒྱུན་འཁྱོངས་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་མཚོ་དང་འབྲེལ་བའི་འབྲེལ་གཏུག་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། གནས་བབ་ལ་དོ་དམ་ཚོད་འཛིན་ཡག་པོ་བྱ་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།