མཱ་ལི་རྒྱལ་ཁབ་ཀྱི་དབུས་ཕྱོགས་ཀྱི་མཱོ་ཕུའུ་ཐིས་ས་ཁུལ་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ས་ཁུལ་དེའི་སའེ་ཝ་ལེ་གྲོང་ཁྱེར་དུ་ཉིན་དེར་རང་སྲོག་བཅད་དེ་གཞན་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་སེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་གཅིག་ལ་རྨས་ཕོག་ཟེར།
གསལ་བསྒྲགས་ནང་དུ་བཤད་རྒྱུར། སའེ་ཝ་ལེ་གནམ་གྲུ་ཐང་ཉེ་འདབས་སུ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་སེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་རེ་གཅིག་ལ་ལ་རྨས་ཕོག་པར་མ་ཟད། རྒྱུ་ནོར་ཐད་གྱོང་གུད་ཚབས་ཆེན་བཟོས། མིག་སྔའི་བར་དུ་རྩ་འཛུགས་དང་མི་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད་ཟེར།
མཱ་ལི་དམག་ཕྱོགས་ཀྱི་སྤྱི་ཐུན་འབྲེལ་བ་དང་ཆ་འཕྲིན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། མཱ་ལིའི་དྲག་ཆས་དམག་དཔུང་གིས་ཉིན་དེར་དྲག་ཆས་མི་སྣས་སའེ་ཝ་ལེ་དམག་སྒར་དང་གནམ་གྲུ་ཐང་ལ་དམིགས་པའི་འཇབ་རྒོལ་ཕམ་པར་བརྒྱབ་པ་ཡིན་ཟེར། སྤྱི་བསྒྲགས་ནང་དུ་མི་སྣ་ཤི་རྨས་ཀྱི་གྲངས་དང་གནས་ཚུལ་གཞན་པ་བསྒྲགས་མེད།
ཉིས་སྟོང་བཅུ་གཉིས་ལོའི་ཟླ་གསུམ་པར། མཱ་ལི་རྒྱལ་ཁབ་ཏུ་དམག་དོན་སྲིད་འགྱུར་བྱུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་པར། མཱ་ལེའི་སྲིད་གཞུང་དང་བྱང་ཕྱོགས་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཁག་ཅིག་བར་དུ་ཞི་བདེ་དང་འགྲིག་མཐུན་གྲོས་ཆོད་བཀོད། ལོ་དེའི་ཟླ་དྲུག་པར། ཕྱོགས་སོ་སོའི་བར་དུ་མཇུག་མཐའི་གྲོས་ཆོད་བཀོད། ཡིན་ནའང་མཱ་ལིའི་བྱང་ཕྱོགས་ས་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་འཁྲུག་རྩོད་མཚམས་ཆད་ཀྱིན་མེད་ལ། དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་ཡང་དྲག་ཤུགས་འཇབ་རྒོལ་ཇེ་མང་དུ་འགྲོ་བཞིན་ཡོད།