ཀྲུང་གོའི་ཧྲན་ཞི་ཞིང་ཆེན་གྱི་ཁ་མེ་ལུང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཉེར་གཉིས་པའི་ཡཱ་ཝུན་ཏི་ཡན་ལག་རུ་ཁག་གིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་འོས་འགན་བརྟག་བཅོས་བྱས་པས། ས་དེའི་མང་ཚོགས་ཀྱི་གདེང་འཇོག་བཟང་བོ་ཐོབ།
འོས་འགན་བརྟག་བཅོས་བྱ་འགུལ་དེ་ཁ་མེ་ལུང་གི་རྒྱལ་ས་ཡཱ་ཝུན་ཏི་ཡི་ས་ཁུལ་དང་པོའི་སྲིད་གཞུང་ར་སྐོར་དུ་སྤེལ། སྨན་བཅོས་ཡན་ལག་རུ་ཁག་གི་མེ་བཙའ་ཚན་ཁག་དང་ཁོང་ནད་ཚན་ཁག མིག་ནད་ཚན་ཁག སྦྲིད་སྨན་ཚན་ཁག་སོགས་ཚན་ཁག་གི་སྨན་པ་བརྒྱད་ཀྱིས་མི་ཐེངས་དྲུག་བརྒྱ་དང་ལྔ་བཅུ་ལ་རིན་མ་བླངས་པར་འོས་འགན་བརྟག་བཅོས་ཀྱི་ཞབས་འདེགས་ཞུས་ལ། སྨན་བཅོས་ཡན་ལག་རུ་ཁག་གིས་ད་དུང་སྨན་རྫས་དང་རིམས་འགོག་གི་དངོས་རྫས་སྐོར་ཞིག་ཞལ་འདེབས་སུ་ཕུལ།
ཀྲུང་གོ་སྨན་བཅོས་རུ་ཁག་གི་སྤྱིའི་རུ་དཔོན་གོ་ཅུན་གྱིས་བཤད་རྒྱུར། འོས་འགན་བརྟག་བཅོས་ཀྱི་དམིགས་ཡུལ་ནི་ས་དེའི་མང་ཚོགས་ཀྱི་ནད་ལ་བརྟག་པ་དང་། ན་ཚ་སེལ་བ། ས་དེའི་གཞི་རིམ་གྱི་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཁ་མེ་ལུང་གི་བདེ་ཐང་མཉམ་ལས་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་བོར་ཕན་འདོགས་རྒྱུ་དེ་ཡིན་ཟེར།
ཡཱ་ཝུན་ཏི་ཡིས་ས་ཁུལ་དང་པོའི་མགོ་གཙོ་མུའུ་ཀི་པ་ཏུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་དཀའ་སྤྱད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོས་འོས་འགན་བརྟག་བཅོས་ཁྲོད་ནས་ས་དེའི་སྡོད་དམངས་ཀྱིས་ཀྲུང་གོའི་སྤུས་ལེགས་སྨན་བཅོས་ཉམས་སུ་མྱངས་ཐུབ་པར་གྱུར་པ་དང་། ཁ་མེ་ལུང་དང་ཀྲུང་གོའི་འཕྲོད་བསྟེན་མཉམ་ལས་ལ་ཡར་སྐུལ་བྱེད་ཐུབ་པར་གྱུརཟེར།
ལོ་རེ་གསུམ་ཅན་གྱི་ཨོ་ཏིས་ལེ་ཡིས་ལོ་མང་བོར་ཁོར་ཡུག་གཙང་སྦྲ་བྱས་པ་དང་། ལོ་མང་པོར་སྒང་ཚིགས་འབུར་བའི་ནད་དང་རྐང་པ་ན་བའི་ཟུག་རྔུ་མྱོང་བཞིན་ཡོད། ཉིན་གཉིས་ལ་མེ་བཙའ་བཞག་པས་ཁོ་མོའི་ན་ཟུག་ཇེ་ཆུང་དུ་སོང་། ཁོ་མོས་བཤད་རྒྱུར། ང་རང་དྲག་སྐྱེད་འབྱུང་བར་ཡིད་ཆེས་ཡོད་ལ། ཀྲུང་གོའི་སྨན་བཅོས་རུ་ཁག་གི་འོས་འགན་བརྟག་བཅོས་ཀྱིས་མང་ཚོགས་ལ་བདེ་ཐང་ཐད་ནས་ཕན་བཏགས་པ་དང་། ངས་ཁེ་མེ་ལུང་དང་ཀྲུང་གོའི་མཉམ་ལས་ལ་བཀའ་དྲིན་ཞུས་པ་ཡིན་ཟེར།
གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོ་ནས་བཟུང་། ཀྲུང་གོས་སྔ་གཞུག་ཏུ་ཁ་མེ་ལུང་སྨན་བཅོས་རུ་ཁག་སྐོར་ཉེར་གཉིས་མངགས་པ་དང་། བསྡོམས་པས་ཀྲུང་གོའི་སྨན་བཅོས་མི་སྣ་བདུན་བརྒྱ་དང་སོ་དྲུག་གིས་ཁ་མེ་ལུང་དུ་སྨན་བཅོས་བྱས་ཏེ། ས་དེའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཡོད།