ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། སུའེ་ཏེན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཉི་ཤུ་ཙམ་དུ་བྱ་འགུལ་སྤེལ་ཏེ། སུའེ་ཏེན་དུ་གཞི་ཁྱོན་ཆེ་བའི་རྒྱལ་སྤྱིའི་དམག་སྦྱོང་བྱས་པ་དང་སུའེ་ཏེན་བྱང་ཆིངས་སུ་ཞུགས་པར་ངོ་རྒོལ་བྱས།
ཐེངས་འདིའི་ངོ་རྒོལ་བྱ་འགུལ་ལ་སུའེ་ཏེན་ཞི་བདེ་དང་འདུམ་གཅོད་མཐུན་ཚོགས་དང་དེ་མིན་བྱང་ཆིངས་ལ་ངོ་རྒོལ་དང་ཉིང་རྡུལ་མཚོན་ཆར་ངོ་རྒོལ་བྱེད་པ་སོགས་ཀྱི་རྩ་འཛུགས་གང་མང་ཞིག་ཞུགས། རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་མི་བརྒྱ་ལྷག་བྱ་འགུལ་ལ་ཞུགས།
ངོ་རྒོལ་བྱ་འགུལ་ཁྲོད་ཞུགས་མཁན་ནེ་ལིས་ཕུའུ་དབྱི་ཀི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བྱང་ཆིངས་ནི་ཨ་མེ་རི་ཁའི་དམག་འཁྲུག་གི་འཕྲུལ་ཆས་ཤིག་ཡིན་པ་ལས་ཁོ་ཚོས་བཤད་པའི་འགོག་སྲུང་མནའ་འབྲེལ་ཞིག་མིན་ཟེར། བྱ་འགུལ་ལ་ཞུགས་མཁན་ཁི་ལིས་སི་ཐི་ཧོ་ཨར་མུའུ་ཡིས་གསར་འགོད་པར་བཤད་རྒྱུར། སུའེ་ཏེན་མུ་མཐུད་བར་གནས་སུ་བསྡད་ན། སུའེ་ཏེན་གྱི་སྤྱི་ཚོགས་དང་དམངས་གཙོ། རིག་གནས་འཕེལ་རྒྱས་བཅས་ལ་ཕན་པ་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།