ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་ཨ་མེ་རི་ཁའི་ཉིག་ཡའོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་ཐུག་འཕྲད་བྱས་ཏེ། མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་བའི་གྲོས་ཆོད་ཀྱི་མདུན་ལྗོངས་སོགས་དོན་དག་ལ་གྲོས་མོལ་བྱ་རྒྱུ་རེད།
གྲོས་ཆོད་དེའི་མིང་ལ་མཚོ་ནག་འབྲུ་རིགས་གྲོས་འགོ་ཟེར་བ་དང་། ད་ལོའི་ཟླ་གསུམ་པར་དེ་ལག་བསྟར་བྱེད་ཡུན་ཡང་བསྐྱར་ཐེངས་གཅིག་ལ་ཇེ་རིང་དུ་བཏང་བ་དང་། ཟླ5པའི་ཚེས18ཉིན་དུས་ཡུན་ལོངས་པ་རེད། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས་སྨྱན་སྦྱོར་གྱི་གསར་འགོད་པར་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་བལྟས་ན་གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བའི་ཆ་རྐྱེན་ད་དུང་ལོངས་མེད་པར་འདོད་ལ། རྒྱུ་མཚན་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོན་དག་གཅིག་ཀྱང་མ་བསྒྲུབས་པ་དེ་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དེའི་སྔོན་ལ། གལ་ཏེ་ཨུ་རུ་སི་ཕྱོགས་ཀྱི་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་པའི་བཀག་རྒྱ་མེད་པར་གཏོང་བའི་ཐད་ནས་འཕེལ་རིམ་ཅི་ཡང་མེད་ཚེ། ཨུ་རུ་སི་ཕྱོགས་ཀྱིས་གྲོས་ཆོད་དེ་མུ་མཐུད་དུ་ལག་བསྟར་བྱེད་མིན་ཐད་ནས་ཡང་བསྐྱར་བསམ་གཞིགས་གཏོང་ངེས་ཡིན་ཞེས་ཉེན་བརྡ་བཏང་།
ད་སྔ་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ལ་ཐད་ཀར་དུ་བཀག་སྡོམ་ཐེབས་མེད་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རིན་སྤྲོད་དང་དངོས་སྐྱེལ། ཉེན་ཚབ་བཅས་ཕྱོགས་ནས་ཨུ་རུ་སི་ཕྱོགས་ཀྱི་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་པར་ཚོད་འཛིན་བྱེད་བཞིན་ཡོད།
ན་ནིང་གི་ཟླ2པའི་ཚེས24ཉིན་ཝུའུ་ཁི་ལན་གྱི་ཉེན་ཚབས་ཛ་དྲག་ཏུ་གྱུར་རྗེས། ཝུའུ་ཁི་ལན་དང་ཨུ་རུ་སིས་མཚོ་ནག་བརྒྱུད་དེ་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པར་བཀག་རྒྱ་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ཐུར་ཁེའི་བར་འདུམ་འོག་ཏུ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པར་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་འདྲེན་པ་སླར་གསོ་བྱེད་པའི་མཉམ་སྤྱོད་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཉིན་བརྒྱ་དང་ཉི་ཤུ་རེད། ན་ནིང་གི་ཟླ་བཅུ་གཅིག་པ་དང་ད་ལོའི་ཟླ་གསུམ་པར་གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཐེངས་གཉིས་ལ་ཇེ་རིང་དུ་བཏང་། ད་ལོའི་ཟླ་གསུམ་པར་གྲོས་ཆོད་དེ་མུ་མཐུད་དུ་འགོད་པའི་དོན་དག་ལ་གྲོས་མོལ་བྱེད་སྐབས། ཨུ་རུ་སི་གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཉིན་དྲུག་ཅུ་ཙམ་ལ་མ་གཏོགས་ཇེ་རིང་དུ་གཏོང་བར་མ་འཐད་པར། ཨུ་རུ་སི་ཕྱོགས་ཀྱིས་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་པར་སྔར་བཞིན་བཀག་རྒྱ་ཐེབས་བཞིན་ཡོད་པ་ནན་གྱིས་བསྟན།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཞིང་ལས་པུའུ་ཀྲང་གིས་ཚེས་ཉེར་གསུམ་ཉིན་འཇར་པན་ནས་འཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་བསྡུས་པར་མ་ཟད་སྤྱི་བསྒྲགས་སྤེལ་ནས། གྲོས་ཆོད་དེ་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་འབོད་སྐུལ་བཏང་བ་དང་མཉམ་དུ། ཨུ་རུ་སི་ཕྱོགས་ཀྱིས་ཞིང་ལས་ཐོན་རྫས་ཕྱིར་འདྲེན་པར་བཀག་རྒྱ་བཟོ་བཞིན་འདུག་ཅེས་བསྟན།
ཕྱོགས་གཞན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཝུའུ་ཁི་ལན་ཕྱོགས་ཀྱི་ཞིང་ལས་ཐོན་རྫས་འབོར་ཆེན་ཡོ་རོབ་ཤར་མའི་རྒྱལ་ཁབ་བརྒྱུད་དེ་ཕྱིར་བསྐྱལ། ཡིན་ནའང་རིན་གོང་ཅུང་དམའ་བའི་ཞིང་ལས་ཐོན་རྫས་དེ་དག་ཉེ་སྔོན་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས།
དངོས་སྐྱེལ་སོགས་རྗེས་མཐུད་ཀྱི་གནད་དོན་ད་དུང་འོས་འཚམ་གྱིས་ཐག་གཅོད་ཐུབ་མེད་པས། ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་འབོར་ཆེན་ཡོ་རོབ་ཤར་མའི་རྒྱལ་ཁབ་ཁོ་ནར་བཙོང་བཞིན་ཡོད་ལ། དེས་ས་དེའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལ་བརྡབ་གསིག་ཐེབས་པས། པོ་ལན་སོགས་རྒྱལ་ཁབ་ཀྱི་ཞིང་པས་དེར་ངོ་རྒོལ་བྱེད་བཞིན་ཡོད། པོ་ལན་དང་ཧང་ག་རིའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་ཝུའུ་ཁི་ལན་གྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཞན་དག་ནང་འདྲེན་བྱེད་པར་བཀག་འགོག་བྱས་ཏེ། རྒྱལ་ཁབ་རང་གི་ཞིང་ལས་ལ་སྲུང་སྐྱོབ་བྱ་རྒྱུའི་ཐག་བཅད། སི་ལོ་ཧྥ་ཁི་དང་པུར་ཀ་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཀྱང་ཉེ་སྔོན་དེ་དང་འདྲ་བའི་བྱེད་ཐབས་སྤྱད་ཡོད།
པོ་ལན་དང་ཝུའུ་ཁི་ལན་གྱིས་གྲོས་མོལ་བྱས་རྗེས། ཚེས་ཉེར་གཅིག་ཉིན་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་པོ་ལན་བརྒྱུད་དེ་ཕྱིར་སྐྱེལ་རྒྱུ་སླར་གསོ་བྱས་ནའང་། པོ་ལན་གྱིས་དངོས་ཟོག་དེ་དག་རྒྱལ་ཁོངས་ལས་བརྒལ་བར་ཚོད་འཛིན་ནན་མོ་བྱས།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་འབྲུ་རིགས་བཀག་སྡོམ་བྱས་པར་སྐྱོན་བརྗོད་བྱས་པ་དང་། མྱུར་དུ་བྱ་སྤྱོད་དེའི་རིགས་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་། ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པོ་ལན་དང་ཧང་ག་རི། སི་ལོ་ཧྥ་ཁི། པུར་ཀ་རི་ཡ་དང་རོ་མ་ནི་ཡ་བཅས་ཀྱི་ཞིང་ལས་པུའུ་ཀྲང་གིས་མཉམ་དུ་མིང་བཀོད་དེ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་འཕྲིན་ཡིག་བསྐུར་ནས། ཝུའུ་ཁི་ལན་གྱི་མཐའ་སྐོར་རྒྱལ་ཁབ་ཁོ་ནས་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་ཀྱི་བརྡབ་གསིག་མྱོང་བར་མ་དགའ་བའི་ཚུལ་བསྟན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་དུ་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་ཟེར།