ཉེ་སྔོན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཝེ་ཏུང་གིས་བཀའ་དང་དུ་བླངས་ནས་ཧན་གོའི་མགོ་ཁྲིད་པས་ཐའེ་ཝན་གནད་དོན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བར་དམིགས་ཏེ་ཀྲུང་གོར་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ཀྲིན་ཙེ་ཧའོ་ཁ་བརྡ་ནན་མོ་བྱས།
སུན་ཝེ་ཏུང་གིས་བཤད་རྒྱུར། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཉེ་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་ཐའེ་ཝན་གྱི་ཛ་དྲག་ཆེ་བའི་གནས་ཚུལ་ནི་ཕྱོགས་གཅིག་གིས་སྟོབས་ཤུགས་ལ་བརྟེན་ནས་ད་ལྟའི་གནས་བབ་བསྒྱུར་འདོད་པར་བརྟེན་ནས་བྱུང་བ་རེད། ཧན་གོའི་ལངས་ཕྱོགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྟོབས་ཤུགས་ལ་བརྟེན་ནས་ད་ལྟའི་གནས་བབ་བསྒྱུར་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དེ་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཐའེ་ཝན་ཁོ་ནའི་བར་གྱི་གནད་དོན་མིན་པར། ཁྲའོ་ཞན་གྱི་གནད་དོན་དང་འདྲ་བར་ས་ཁུལ་གྱི་རིམ་པ་ལས་བརྒལ་བའི་འཛམ་གླིང་རང་བཞིན་གྱི་གནད་དོན་རེད་ཅེས་བཤད་པ་རེད། གོང་གི་སྐད་ཆ་དེ་ནི་དང་ལེན་གཏན་ནས་བྱེད་མི་ཐུབ་པ་ཞིག་ཡིན་པས། ཀྲུང་གོས་དེར་དོ་སྣང་ནན་མོ་བྱེད་བཞིན་ཡོད་ལ་ཧ་ཅང་མ་དགའ་བའི་ཚུལ་བསྟན་པ་ཡིན་ཟེར།
སུན་ཝེ་ཏུང་གིས་བསྟན་དོན། འཛམ་གླིང་སྟེང་དུ་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་པ་དང་། ཀྲུང་གོའི་སྲོག་ཤིང་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་ལ། ཐའེ་ཝན་གྱི་གནད་དོན་ཐག་གཅོད་པ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། སྟོབས་ཤུགས་གང་གིས་ཀྱང་དེར་ཐེ་གཏོགས་བྱེད་མི་ཆོག ཐའེ་ཝན་གྱི་གནས་བབ་ཛ་དྲག་ཏུ་གྱུར་པའི་རྩ་བའི་རྒྱུ་རྐྱེན་ནི་ཐའེ་ཝན་གླིང་ཕྲན་སྟེང་གི་ཐའེ་ཝན་རང་བཙན་མི་སྣས་རྒྱལ་ཕྱིའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བྱས་པ་དང་རྒྱ་ཡན་དུ་བཏང་བའི་གནས་ཚུལ་འོག་ཁ་ཕྲལ་གྱི་བྱ་འགུལ་སྤེལ་བ་དེ་རེད། ཧན་གོའི་མགོ་ཁྲིད་པས་ཀྲུང་གོ་གཅིག་གི་རྩ་དོན་ཅུང་ཙམ་ཡང་མ་གླེང་བར་དེ་ལས་ལྡོག་སྟེ་ཐའེ་ཝན་གྱི་གནད་དོན་དེ་ཁྲའོ་ཕན་ཕྱེད་གླིང་གི་གནད་དོན་དང་མཉམ་དུ་གླེང་འདུག ཁྲའོ་ཞན་དང་ཧན་གོ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པའི་བདག་དབང་ཅན་གྱི་རྒྱལ་ཁབ་གཉིས་ཡིན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དང་ཐའེ་ཝན་གྱི་གནད་དོན་གཉིས་ནི་ངོ་བོ་དང་འབྱུང་རྐྱེན་གང་གི་ཐད་ནས་ཀྱང་མི་འདྲ་བས། བསྡུར་ཐབས་རྩ་བ་ནས་མེད། འདི་ནི་ཀུན་གྱིས་གསལ་བོར་ཤེས་པའི་དོན་དག་ཅིག་ཡིན། ང་ཚོས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་པའི་མཉམ་འབྲེལ་སྤྱི་བསྒྲགས་ཀྱི་ནང་དོན་དངོས་སུ་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། ཐའེ་ཝན་གནད་དོན་གྱི་ཐད་ནས་གཏམ་སྦྱོར་ལ་གཟབ་ནན་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།
ཀྲིན་ཙེ་ཧའོ་ཡིས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་ནམ་ཡང་བརྩི་བཀུར་བྱེད་པ་ཡིན་ལ། ལངས་ཕྱོགས་དེར་འགྱུར་བ་མེད་ཅེས་བཤད།