ཟླ4པའི་ཚེས22ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགུལ་སྐྱོད་སྤེལ་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་མཉམ་དུ། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐད་དུ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ང་ཚོས་ནམ་ཟླའི་འགུལ་སྐྱོད་སྤེལ་ཚད་ཇེ་མགྱོགས་སུ་སྤེལ་ནས། སྔར་ལས་གཏིང་ཟབ་མོ་དང་སྔར་ལས་མགྱོགས་མྱུར་སྒོས་བཙོག་རྫས་ཕྱིར་འདོན་ཚད་ཇེ་ཉུང་དུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་ཚད་དེ་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱེད་དགོས། ང་ཚོས་ད་དུང་གཞི་ཁྱོན་ཆེན་པོས་བབ་བསྟུན་དང་ནུས་པ་སླར་གསོའི་ཐད་མ་དངུལ་གཏོང་ཤུགས་རྒྱ་བསྐྱེད་དགོས་པ་དང་། ལྷག་པར་དུ་ནམ་ཟླའི་ཉེན་ཚབས་བཟོས་པའི་འགན་འཁྲི་ཆེས་ཆུང་བའི་ཆེས་ཉམ་ཞན་གྱི་རྒྱལ་ཁབ་དང་སྡེ་ཁུལ་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས་ཟེར།
ཀུའུ་ཐི་ལེ་སི་ཡིས་བསྟུད་མར་གཏོར་བརླག་ཐེབས་པའི་ནགས་ཚལ་དང་ཞིང་ས། བརླན་ས། བྱུ་རུའི་བྲག་རྡོ། ཆུ་བོ། རྒྱ་མཚོ་དང་མཚེའུ། ད་དུང་འཇིག་ལ་ཉེ་བའི་དངོས་རིགས་ས་ཡ་གཅིག་བཅས་ལ་སེམས་ཁུར་བྱས། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་དང་རང་བྱུང་ཁམས་ཀྱི་འབྲེལ་བར་ཕྱིར་འདང་རྒྱག་རྒྱུའི་རེ་བ་བཏོན་པ་དང་། མིའི་རིགས་ཀྱི་བདེ་ཐང་དང་འཚོ་གནས་ནི་བདེ་ཐང་གི་ཁོར་ཡུག་ཅིག་ལ་བརྟེན་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད། བདེ་ཐང་གི་སྐྱེ་ཁམས་མ་ལག་གིས་ནམ་ཟླའི་འགྱུར་ལ་ཁ་གཏད་འཇལ་བའི་ཁྲོད་ཐོན་པའི་གནད་འགག་གི་ནུས་པ་ནན་གྱིས་བསྟན།
ཀུའུ་ཐི་ལེ་སི་ཡིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གོམ་སྟབས་རེ་རེའི་ཁྲོད་དུ་དགེ་མཚན་ལྡན་པའི་མགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་འབོད་སྐུལ་བཏང་།