སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དམག་འཁྲུག་བརྒྱབ་པ་དང་རྒྱལ་ཁབ་མང་བོས་སུའུ་ཏན་དུ་སྡོད་པའི་རང་མི་ཕྱིར་འཐེན་བྱེད་མགོ་བརྩམས།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་ཚེས་ཉེར་བཞི་ཉིན་མུ་མཐུད་དུ་དམག་འཁྲུག་བརྒྱབ་པ་དང་། རྒྱལ་ས་ཁ་ཧྲི་མུའུ་ཡི་ས་ཁུལ་ཁ་ཤས་ནས་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་ཆེན་པོ་གྲགས་འོང་། རྒྱལ་ཁབ་མང་བོས་སུའུ་ཏན་དུ་སྡོད་པའི་རྒྱལ་ཁབ་རང་གི་མི་ཕྱིར་འཐེན་བྱེད་མགོ་བརྩམས།

ཚེས་ཉེར་གསུམ་ཉིན་ཁ་ཧྲི་མུའུ་གྲོང་ཁྱེར་གྱི་དཀྱིལ་དབུས་ས་ཁུལ་ཕལ་ཆེར་ལྷིང་འཇགས་ཡིན་མོད། འོན་ཀྱང་ཚེས་ཉེར་བཞི་ཉིན་སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཁ་ཧྲི་མུའུ་ནས་ཡང་བསྐྱར་འཐབ་འཁྲུག་དྲག་པོ་བརྒྱབ། གནས་ཚུལ་མཐོང་མཁན་གྱིས་བཤད་རྒྱུར། ཚེས་ཉེར་བཞི་ཉིན་གྱི་ཞོགས་པར། ཁ་ཧྲི་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཉི་ལོ་གཙང་བོའི་འགྲམ་རྒྱུད་སོགས་སུ་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་བསྟུད་མར་གྲགས་འོང་ཟེར། ཉིན་དེར་ཁ་ཧྲི་མུའུ་རུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་ར་སྐོར་དུ་ཡང་མདེལ་འཁྱར་ཕོག

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྒྲགས་རྒྱུར། ཉིན་དེ་ནས་བཟུང་སུའུ་ཏན་ནས་ཅོར་ཏན་གྱི་སྤྱི་དམངས་སུམ་བརྒྱ་ཙམ་ཕྱིར་འཐེན་བྱེད་མགོ་བརྩམས་པ་ཡིན་ཟེར། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས། ཨེ་ཅིབ་ཀྱི་སྤྱི་དམངས་བཞི་བརྒྱ་དང་སོ་དྲུག་ཉིན་དེར་སུའུ་ཏན་ནས་ཕྱིར་འཐེན་བྱས་ཡོད་ཅེས་བསྒྲགས། ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞི་ཉིན་གསལ་བསྒྲགས་སྤེལ་ནས་ཕ་ལེ་སི་ཐན་པ་ཉིས་བརྒྱ་དང་བདུན་ཅུ་ཙམ་ཉིན་དེར་ཁ་ཧྲི་མུའུ་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་བསྒྲགས། དབྱི་རག་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་སཱ་ཧ་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་རག་གིས་མྱུར་དུ་འབྲེལ་ཡོད་རྒྱལ་ཁབ་བར་མཐུན་སྦྱོར་བྱས་ཏེ། སུའུ་ཏན་དུ་ཡོད་པའི་དབྱི་རག་གི་སྤྱི་དམངས་མྱུར་དུ་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར། དེས་མི་ཚད་སོ་ཏི་ཨ་རབ་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། འཇར་མན་དང་ཧན་གོ་སོགས་ཀྱིས་ཀྱང་བསྟུད་མར་ཉིན་འགའི་རིང་ལ་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཕྱི་འབྲེལ་མི་སྣ་དང་སྤྱི་དམངས་ཕྱིར་འཐེན་བྱེད་བཞིན་ཡོད།

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་དྲག་ཆས་མི་སྣའི་བར་གྱི་དམག་འཁྲུག་དེ་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་བཟུང་མགོ་བརྩམས་པ་རེད། དམག་འཁྲུག་ཆེས་ཐོག་མར་ཁ་ཧྲི་མུའུ་གྲོང་ཁྱེར་ལྷོ་འདབས་ཀྱི་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་དམག་སྤྱི་ཁང་ནས་བྱུང་བ་དང་། དེའི་རྗེས་སུ་མྱུར་མོར་ཁ་ཧྲི་མུའུ་གྲོང་ཁྱེར་ཡོངས་དང་མངའ་སྡེ་གཞན་དག་ལ་མཆེད་པ་རེད། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ད་བར་དུ་རང་ཕྱོགས་ཀྱི་ཤི་རྨས་གྲངས་ཀ་བསྒྲགས་མེད། སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་གྲངས་ཀ་ལྟར་ན། དམག་འཁྲུག་ཁྲོད་ནས་ཉུང་མཐར་ཡང་མི་སེར་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་སྟོང་བཞི་ཙམ་ལ་རྨས་ཕོག་ཟེར།