ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་ཉེར་བཞི་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དུ་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཕྱི་རིམ་མཁའ་དབྱིངས་འཚོལ་ཞིབ་བྱེད་རྒྱུ་མ་ཟད་དེ་ཞི་བའི་སྒོ་ནས་བཀོལ་སྤྱོད་བྱས་ཏེ། མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་ཐད་ཞབས་འདེགས་ཞུ་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཟེར།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། གསར་འགོད་པ་ཞིག་གིས་ང་ཚོས་རྒྱལ་ཁབ་མཁའ་སྐྱོད་ཅུའུ་ཡི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་མཁའ་སྐྱོད་ཉིན་མོའི་ཚོགས་ར་གཙོ་བོའི་བྱ་འགུལ་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོས་སོ་སོར་ཨུ་རུ་སི་དང་ཧྥ་རན་སི་ལ་ཟླ་བའི་གོ་ལའི་དངོས་དཔེ་བྱིན་སོང་ཟེར། མགྲིན་ཚབ་པ་ཁྱོད་ཀྱིས་འདིའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཅིག་མི་བྱེད་དམ་ཞེས་དྲིས། མའོ་ཉིང་གིས་བཤད་རྒྱུར། ཕྱི་རིམ་མཁའ་དབྱིངས་འཚོལ་ཞིབ་དང་བེད་སྤྱོད་བྱེད་པའི་ཐད་ནས། རྒྱལ་ཁབ་ཡོད་ཚད་ཀྱི་ཆེད་དུ་ཕན་བདེ་དང་ཁེ་ཕན་གཉེར་དགོས་ལ། འདི་ནི་ཀུན་གྱིས་ཁས་ལེན་པའི་ཕྱི་རིམ་མཁའ་དབྱིངས་བཅའ་ཁྲིམས་ཀྱི་རྩ་བའི་རྩ་དོན་ཡིན། ཟླ་བའི་གོ་ལའི་དངོས་དཔེ་རྒྱལ་སྤྱིའི་སྟེང་མཉམ་སྤྱོད་དང་ཐུན་མོང་སྒོས་ཞིབ་འཇུག་བྱས་ན་རྒྱལ་ཁབ་སོ་སོའི་ཚན་རིག་པས་ཟླ་བའི་གོ་ལའི་གྲུབ་སྟངས་དང་འགྱུར་ཚུལ་ལ་ཞིབ་འཇུག་བྱས་ཏེ། མ་ཤེས་པའི་འཇིག་རྟེན་གྱི་ཁམས་འདིར་མཉམ་དུ་འཚོལ་ཞིབ་བྱེད་པར་ཕན་པ་ཡོད་ཟེར།
ཁོ་མོས་བསྟན་དོན། ད་ལོའི་ཟླ་བཞི་པར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཀྲུང་གོར་འཚམས་འདྲིར་བྱེད་སྐབས། ཀྲུང་གོས་ཧྥ་རན་སི་ལ་ཁེ་གཅིག་དང་གྲངས་ཆུང་ལྔ་ཅན་གྱི་ཚན་རིག་ཐད་བཀོལ་བའི་ཟླ་བའི་གོ་ལའི་དངོས་དཔེ་ཞིག་བྱིན་པ་ཡིན་ལ། ན་ནིང་གི་ཟླ་གཉིས་པར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲིར་བྱེད་སྐབས། ཀྲུང་གོས་ཨུ་རུ་སི་ལ་ཁེ་གཅིག་དང་གྲངས་ཆུང་ལྔ་ཅན་གྱི་ཚན་རིག་ཐད་བཀོལ་བའི་ཟླ་བའི་གོ་ལའི་དངོས་དཔེ་ཞིག་བྱིན་པ་ཡིན། ད་ལོའི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་ལ་འཚམས་འདྲི་མཛད་སྐབས། ཨུ་རུ་སི་ཕྱོགས་ཀྱིས་ཕྱིར་ཀྲུང་གོར་ཁེ་གཅིག་དང་གྲངས་ཆུང་ལྔ་ཅན་གྱི་ཚན་རིག་ཐད་བཀོལ་བའི་ཟླ་བའི་གོ་ལའི་དངོས་དཔེ་ཞིག་བྱིན་ཡོད། ཀྲུང་གོས་ཧྥ་རན་སི་དང་ཨུ་རུ་སི་ལ་བྱིན་པའི་ཟླ་བའི་གོ་ལའི་དངོས་དཔེ་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར་ཀྲུང་གོའི་ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན་གྱི་འཕུར་གྲུས་ཟླ་བའི་གོ་ལའི་སྟེང་འཚོལ་སྡུད་བྱས་ཏེ་བླངས་པ་ཡིན་ཟེར།
མའོ་ཉིང་གིས་བཤད་རྒྱུར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མཁའ་སྐྱོད་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཟླ་བའི་གོ་ལའི་དངོས་དཔེ་དོ་དམ་བྱེད་ཐབས་ཞེས་པ་སྤེལ་ནས། ཟླ་བའི་གོ་ལའི་དངོས་དཔེ་ལ་ཞིབ་འཇུག་བྱེད་པར་སྐུལ་མ་བཏང་སྟེ། ཚན་རིག་གི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་ཡར་སྐུལ་བྱེད་བཞིན་ཡོད། ཨོ་སི་ཁྲུ་ལི་ཡི་དང་ཨུ་རུ་སི། ཧྥ་རན་སི། ཨ་མེ་རི་ཁ། དབྱིན་ཅི་དང་སུའེ་ཏེན་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་ཀྲུང་གོའི་ཟླ་བའི་གོ་ལའི་དངོས་དཔེའི་ཚན་རིག་ཞིབ་འཇུག་ལ་ཞུགས་ཡོད་ཟེར།