ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་དྲང་གཞག ཡུན་བརྟན་སྒོས་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་།
2023.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཀྲང་ཅུན་གྱིས་ཚེས་ཉེར་ལྔ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་ཤར་ཕ་ལེ་སི་ཐན་གནད་དོན་སྐོར་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་གཏུག་གི་འདུ་ཤེས་ཆེས་ཆེན་པོ་བཅངས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་དྲང་གཞག ཡུན་བརྟན་བཅས་ཀྱི་སྒོ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀྲང་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་འགའི་རིང་ལ། སྨྱུང་གནས་སྲུང་བའི་ཟླ་བར་སླེབས་སྐབས། ཕ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ཀྱི་གནས་བབ་དེར་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དྲག་ཤུགས་དོན་རྐྱེན་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཡེ་ལུའུ་ས་ལུན་ཤར་མ་དང་ཅ་ཧྲ་ས་ཁུལ་དུ་ཛ་དྲག་གི་གནས་བབ་བྱུང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་བརྩི་མི་རུང་བ་དང་། དོན་དེ་རང་དགར་མ་བསྐྱུར་བར། ངེས་པར་དུ་དེའི་ཐད་ནུས་ཤུགས་འདོན་པ་དང་བྱེད་ཐབས་སྤྱད་དེ། དགོས་གཏུག་འདུ་ཤེས་ཆེས་ཆེན་པོ་བཅངས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་དྲང་གཞག ཡུན་བརྟན་བཅས་ཀྱི་སྒོ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

གཅིག་ནས་ངེས་པར་དུ་དྲག་ཤུགས་དང་དཀྲུག་འཕེན་ལ་ངོ་རྒོལ་བྱས་ཏེ་ཐུན་མོང་གི་བདེ་འཇགས་འཚོལ་དགོས། འདས་པའི་ཟླ་གཅིག་གི་ནང་དུ། དབྱི་སི་རལ་གྱི་དམག་མི་དང་ཉེན་རྟོག་པ་ཐེངས་མང་བོར་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་དུ་བཙན་གྱིས་འཛུལ་ནས། མུའུ་སི་ལིན་མང་ཚོགས་ལ་གཅར་རྡུང་བྱས་པར་མ་ཟད་གཞན་ལ་བདའ་ནས། སྨྱུང་གནས་སྲུང་བའི་ཟླ་བའི་ཞི་འཇགས་ཀྱི་གནས་བབ་གཏོར་ཏེ། གསར་དུ་ཛ་དྲག་གི་གནས་ཚུལ་འབྱུང་བར་བྱས། ཀྲུང་གོ་ཕྱོགས་ཀྱིས་མི་སེར་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་གཏོང་བཞིན་ཡོད་ལ། ཕྱོགས་སོ་སོས་རང་ཚོད་བཟུང་ནས། ཚད་བརྒལ་དང་བསྙད་རྐོའི་གཏམ་སྦྱོར་སྣ་ཚོགས་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བ་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་ནི་གཏན་དུ་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་ཡིན་པ་དང་། ཕྱོགས་གཅིག་གི་བདེ་འཇགས་དེ་ཕ་རོལ་བ་བདེ་འཇགས་མི་ཡོང་བར་བྱེད་པའི་རྨང་གཞིའི་སྟེང་འཛུགས་མི་རུང་། རྩ་བ་ནས་དྲག་ཤུགས་ཀྱི་གནས་བབ་གཏོར་བ་དང་རྒྱུན་སྲིང་ཞི་བདེ་ཡོང་བར་བྱེད་དགོས་ལ། ཕྱོགས་གཉིས་ཀྱི་ལུགས་མཐུན་གྱི་བདེ་འཇགས་དོ་སྣང་ལ་ངེས་པར་དུ་འདྲ་མཉམ་སྒོས་མཐོང་ཆེན་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་དེ་ཐུན་མོང་བདེ་འཇགས་མངོན་འགྱུར་བྱེད་པར་སྐུལ་མ་གཏོང་དགོས།

གཉིས་ནས་ཕྱོགས་གཅིག་གིས་གནས་བབ་བསྒྱུར་བར་ངེས་པར་དུ་བཀག་འགོག་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས། བཙན་འཛུལ་ཐེབས་པའི་མངའ་ཁོངས་སྟེང་དུ་གཏན་སྡོད་བྱེད་ས་ལས་པའི་བྱ་འགུལ་ནི་ཁྲིམས་དང་འགལ་ཡོད། ཀྲུང་གོས་དབྱི་སི་རལ་ཕྱོགས་ཀྱིས་གཏན་སྡོད་བྱེད་སའི་བྱ་འགུལ་ཡོད་ཚད་དངོས་སུ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བ་དང་མཉམ་དུ། ཡེ་ལུའུ་ས་ལུན་གྱི་ད་ལྟའི་གནས་བབ་བསྒྱུར་བར་ཕྱོགས་གཅིག་ཁོ་ནས་བྱེད་ཐབས་སྤྱད་ན་ཕན་པ་ཅི་ཡང་མེད་ཅེས་བསྟན་པ་ཡིན། ཀྲུང་གོས་ཡེ་ལུའུ་ས་ལུན་གྱི་ཆོས་ལུགས་གནས་མཆོག་གི་ལོ་རྒྱུས་ཀྱི་གནས་བབ་ལ་དངོས་སུ་བརྩི་བཀུར་བྱེད་རྒྱུ་དང་། ཅོར་ཏན་གྱིས་གནས་མཆོག་དེར་དོ་དམ་བྱེད་པའི་དབང་ཆར་བརྩི་བཀུར་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན།

གསུམ་ནས་ངེས་པར་དུ་དམངས་ཚིས་ལ་འགན་སྲུང་བྱས་ཏེ་ཕ་ལེ་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། དབྱི་སི་རལ་གྱིས་བཙན་འཛུལ་བྱེད་པའི་མངའ་ཁོངས་སྟེང་གི་མི་སྣ་དང་དངོས་རྫས་སྐྱེལ་འདྲེན། ས་ཞིང་བཀོལ་སྤྱོད་བཅས་ཐད་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་ལྷོད་ཡངས་དང་མེད་པར་བཏང་ནས། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕ་ལེ་སི་ཐན་སྡེ་ཁུལ་གྱི་འཕེལ་རྒྱས་ཐད་མཐུན་རྐྱེན་བསྐྲུན་དགོས་པ་དང་། ཅ་ཧྲ་ས་ཁུལ་གྱི་བཀག་སྡོམ་མྱུར་དུ་གློད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཐབས་ལམ་མང་བོ་ནས་ཕ་ལེ་སི་ཐན་ལ་རོགས་རམ་བྱེད་པ་དང་། ཕ་ལེ་སི་ཐན་ལ་ནོར་སྲིད་ཉེན་ཚབས་སེལ་རོགས་བྱེད་པ། སྤྱི་པའི་ཞབས་ཞུར་འགན་སྲུང་བཅས་བྱེད་དགོས།

བཞི་ནས་ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ་ཞི་བའི་གྲོས་མོལ་ཡང་བསྐྱར་སྤེལ་བར་སྐུལ་འདེད་གཏོང་དགོས། སོ་ཏི་ཨ་རབ་དང་དབྱི་ལང་གིས་ཉེ་སྔོན་གྲོས་མོལ་བྱས་ཏེ་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་པ་དེས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་པར་མིག་དཔེ་བསྟན་ཡོད། དབུས་ཤར་ས་ཁུལ་གྱི་གནད་དོན་གཞན་པའི་ཐད་ནས་ཀྱང་གྲོས་མོལ་ལ་བརྟེན་ནས་ཞི་བས་ཐག་གཅོད་པའི་གནས་བབ་མངོན་ཡོད། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཆིན་ཀང་གིས་ཉེ་སྔོན་སོ་སོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་ཁ་པར་བཏང་ནས། ཀྲུང་གོས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་བློ་སྤོབས་བཅངས་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་གོམ་སྟབས་སྤོ་རྒྱུའི་སྐུལ་མ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དོན་དངོས་རང་བཞིན་གྱི་བྱེད་ཐབས་སྤྱད་དེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།