ཨ་མེ་རི་ཁའི་ཙུང་ཐུང་། དམངས་གཙོ་ཏང་མི་པད་ཏིན་གྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་རྒྱུར། ཁོ་རང་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་འགྲན་རྩོད་ཁྲོད་ཡང་བསྐྱར་ཞུགས་རྒྱུ་ཡིན་ཟེར།
པད་ཏིན་གྱིས་ཉིན་དེར་བརྙན་ལམ་ནས་ཁོ་རང་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་འགྲན་རྩོད་ཁྲོད་ཡང་བསྐྱར་ཞུགས་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས་པར་མ་ཟད། སྤྱི་མཐུན་ཏང་གི་ཐལ་སྤྱོད་སྟོབས་ཤུགས་ཞེས་པར་མདུང་སྣེ་གཏད་དེ། ཨ་མེ་རི་ཁ་སྔར་བཞིན་དུ་རྒྱལ་ཁབ་ཀྱི་བློ་སྲོག་གི་ཆེད་དུ་འཐབ་པའི་འཐབ་འཛིང་ཁྲོད་དུ་གནས་ཡོད་ལ། ཁོར་བྱ་བ་དེ་ཡོངས་འགྲུབ་བྱེད་པའི་དུས་ཚོད་སྔར་ལས་མང་བོ་དགོས་ཞེས་བཤད།
པད་ཏིན་ད་ལོར་ལོ་བརྒྱད་ཅུ་ཡིན། ཉིས་སྟོང་ཉི་ཤུ་ལོར་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་ཁྲོད་དུ། ཁོས་སྐབས་དེར་ཨ་མེ་རི་ཁའི་ཙུང་ཐུང་དུ་འགན་ཁུར་མཁན། སྤྱི་མཐུན་ཏང་མི་ཐི་ལང་ཕུའུ་ཕམ་པར་བརྒྱབ་པར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོ་ནས་བཟུང་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བ་རེད།
ཐི་ལང་ཕུའུ་ད་ལོར་ལོ་དོན་དྲུག་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་ཁྲོད་ཡང་བསྐྱར་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། མིག་སྔར་མང་ཚོགས་ཁྲོད་དུ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན་ཁོ་སྤྱི་མཐུན་ཏང་མི་གཞན་དག་གི་སྔུན་དུ་ཚུད་ཡོད། ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཐི་ལང་ཕུའུ་ཡིས་པད་ཏིན་གྱིས་སྲིད་བསྐྱངས་པ་ནི་ཆག་སྒོ་དང་ཕམ་ཁ་ཞིག་རེད་ཅེས་སྐྱོན་བརྗོད་བྱས།
ཨ་མེ་རི་ཁའི་ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོ་ནི་ལོ་དེའི་ཟླ་བཅུ་གཅིག་པར་བསྡུ་རྒྱུ་རེད། ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་སིའི་གསར་འགྱུར་རླུང་འཕྲིན་གྱིས་གསར་དུ་མང་ཚོགས་ཁྲོད་བརྟག་དཔྱད་བྱས་པ་ལྟར་ན། ཨ་མེ་རི་ཁའི་མང་ཚོགས་རྣམས་ཀྱི་པད་ཏིན་དང་ཐི་ལང་ཕུའུ་གཉིས་ཀྱིས་ཡང་བསྐྱར་འགྲན་རྩོད་བྱེད་པར་སྤྲོ་སེམས་ཆེན་པོ་བཅངས་མེད།