ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་གི་གཏམ་གླེང་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཐང་ཅཱ་ཡི་དབུ་བཞུགས་བློན་ཆེན་གཞོན་པའི་ཞོར་དུ་ཁྲིམས་འཛིན་བློན་ཆེན་ཝ་དབྱི་ཕུའུ་ལུའུ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་གཙོ་བོ་དང་ཀྲུང་གོར་སྡོད་པའི་ཕོ་ཉ་གྲོས་ཚོགས་ལ་ཞུགས།
ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དེ་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ། སོ་སྲུང་རོགས་རེས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེར་འཛིན་པའི་དཔེ་མཚོན་བསྐྲུན་ཡོད་ལ། ཞི་བདེ་རྒྱ་མཚོ་སྔར་ལས་ཞི་བདེ་དང་སྔར་ལས་སྟོབས་འབྱོར་རྒྱས་པར་བྱེད་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་བརྗེ་རེས་མཉམ་འདྲིས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་དགོས།
ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་འགོ་གཙོ་དག་གིས་བསྟན་དོན། མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོའི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་མིག་དཔེ་བྱས་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཕྱོགས་ཀྱི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ་དང་། ས་གནས་ཞི་བདེ་དང་དར་རྒྱས་ཡོང་བར་སྲུང་སྐྱོང་བྱེད་པ་དང་མཉམ་དུ་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
མི་ཕམ་མགོན་པོས་བསྒྱུར།