ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཆིན་ཀང་གིས་ཞི་ཨན་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་བཞི་པར་མགོ་འཛིན་བྱས། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ནུའུ་ཨར་ཐི་ལེ་ཉིའོ་དང་། ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའུ་པ་ཡེ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལེ་ཏེན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏོ་ཧྥུའུ། ཐུའུ་ཁུའུ་མན་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་དང་པོ་ཧ་ཅི་ཡེ་ཧྥུའུ་བཅས་ཐུག་འཕྲད་ལ་ཞུགས།
ཆིན་ཀང་གིས་བཤད་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ནི་ལས་སྐལ་གཅིག་ཏུ་འབྲེལ་བའི་ཁྱིམ་མཚེས་བཟང་བོ་དང་ཟླ་གྲོགས་བཟང་བོ། སྤུན་ཟླ་བཟང་བོ་ཡིན། འཛམ་གླིང་ཇི་ལྟར་ཟང་ཟིང་དུ་གྱུར་པ་དང་གནས་བབ་ཇི་ལྟར་རྙོག་འཛིང་དུ་གྱུར་ན། ང་ཚོས་དེ་ལྟར་ངེས་ཤུགས་སྲུང་འཛིན་དང་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་མུ་མཐུད་དུ་རྒྱབ་སྐྱོར་འགྱུར་མེད་བྱེད་དགོས། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་པ་དང་། མཐོ་གསར་ལག་རྩལ་གྱི་མཉམ་ལས་རྒྱ་བསྐྱེད་ཅིང་། རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྟོབས་ཤུགས་གསུམ་ལ་རྒོལ་རྡུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་གདོས། སྟོབས་ཤུགས་གང་རུང་གིས་ཁ་གང་རུང་ལ་གཡར་ནས་ས་ཁུལ་གྱི་རྒྱལ་ཁབ་དག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ལག་གདང་མཉམ་སྦྲེལ་གྱིས་རིག་གནས་དར་ལམ་མཉམ་སྐྲུན་བྱེད་པ་དང་། བྱང་ཚད་མཐོ་བའི་འཇོན་མི་སྐྱེད་སྲིང་བྱེད་པ། ས་གནས་དང་སྨན་བཅོས། སྨྱན་སྦྱོར་བཅས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་མང་མཐུན་སྦྱོར་ཇེ་དམ་དུ་བཏང་ནས། ལག་གདང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་ཡར་སྐུལ་བྱེད་པའི་ལས་དོན་ཐད་ཀྲུང་གོ་དང་ཨེ་ཤ་ཡ་ཤར་མའི་བྱས་རྗེས་འབུལ་དགོས་ཟེར།
ཕྱི་འབྲེལ་པུའུ་ཀྲང་ཚོས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ལ་ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་གྲ་སྒྲིག་བྱས་པ་དང་། རྩེ་ཚོགས་དེས་ཨེ་ཤ་ཡ་དབུས་མ་དང་ཀྲུང་གོའི་འབྲེལ་བའི་རྣམ་པ་གསར་པ་བསྐྲུན་ནས། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དག་ཚུལ་སྒྱུར་གོང་འཕེལ་དུ་གཏོང་བ་དང་། ས་ཁུལ་གྱི་ཤན་ཤུགས་ཇེ་ཆེར་གཏོང་བའི་ཐད་གོ་སྐབས་གསར་པ་བསྐྲུན་ངེས་ཞེས་བསྟན།
ཕྱི་འབྲེལ་པུའུ་ཀྲང་ཚོས་དེང་སྐབས་ཀྱི་རྙོག་འཛིང་གི་གནས་བབ་དང་ས་རྒྱུད་ཀྱི་རྩོད་གཞི་ལ་སེམས་ཁུར་བྱས་ཏེ། ཕན་ཚུན་ལ་འབྲེལ་ཟམ་འཛུགས་དགོས་པ་ལས་འབྲེལ་ཐག་གཅོད་མི་རུང་ཞེས་བསྟན། ཕྱོགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ལ་ཁ་པར་བཏང་བར་གདེང་འཇོག་མཐོན་པོ་བྱས་ནས། དེ་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་དང་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཕན་པ་ཡོད་ཅེས་ཡིད་ཆེས་དང་བཅས་པས་བཤད།
ཐུག་འཕྲད་ཀྱི་རྗེས་སུ། ཕྱི་འབྲེལ་པུའུ་ཀྲུང་ཚོས་ཐུག་འཕྲད་ཀྱི་གསར་འགྱུར་སྤྱི་བསྒྲགས་སྟེང་མཉམ་དུ་མིང་བཀོད་དེ་སྤེལ།
ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཟླ་ལྔ་པར་ཧྲན་ཞི་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར་ནས་བསྡུ་རྒྱུ་རེད།