ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཉེ་སྔོན་ཁྲང་ཅིན་མཚེའུའི་གཡུལ་འགྱེད་དང་འབྲེལ་བའི་གཏམ་བཤད་སྤེལ་བའི་ཐད་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་དེས་བདེན་པ་བདེན་ཐུབ་ཀྱི་དོན་དངོས་བརྒྱུད་དེ་མི་རྣམས་ལ་རྒྱལ་ཁབ་གང་ཞིག་དང་དམག་དཔུང་གང་ཞིག་ཡིན་རུང་། ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་ལྡོག་ཕྱོགས་སུ་ལངས་ཏེ། ཆེར་རློམ་ཆུང་གནོན་དང་ལྡོག་བགྲོད་ཕྱིན་ལོག བཙན་འཛུལ་རྒྱ་སྐྱེད་བཅས་བྱས་ན། ཁ་ཆག་སྣ་རལ་དུ་འགྲོ་ངེས་པ་གསལ་བོར་བསྟན་ཡོད་ཟེར།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་། གསར་འགོད་པ་ལ་ལས་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཚེས་ཉེར་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་སྐབས། འདས་པའི་དུས་རབས་གཅིག་གི་ནང་དུ་ཨ་མེ་རི་ཁས་རང་དབང་ལ་འཇིགས་སྣང་བསྐྱེད་པའི་འགྲན་སློང་ལ་ཐད་ཀར་དུ་གདོང་གཏད་དེ་རང་དབང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས་ཡོད། ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་ཁྲི་ཤོག་དང་པོས་ཁྲང་ཅིན་མཚེའུའི་གཡུལ་འགྱེད་ཁྲོད་དུ་ཀྲུང་གུང་དམག་དཔུང་གི་དམག་མི་ཆིག་འབུམ་ཉིས་ཁྲིའི་འགོག་རྒོལ་གཏོར་ནས་ངོ་མཚར་བའི་གྲུབ་འབྲས་བླངས་ཡོད་ཅེས་བཤད་སོང་ཞེས་བསྒྲགས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ལྟ་སྟངས་ཅི་འདྲ་བཟུང་ཡོད་ཅེས་དྲིས་པ་ན།
མའོ་ཉིང་གིས་བཤད་རྒྱུར། ཀྲུང་གོས་ཧན་གོའི་མགོ་ཁྲིད་པས་སྤེལ་བའི་གཏམ་བཤད་ཀྱི་འབྲེལ་ཡོད་ནང་དོན་མཐོང་སོང་། མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་དེ་ཀྲུང་གོ་དང་འཛམ་གླིང་གང་ལ་མཚོན་ནའང་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། དེས་བདེན་པ་བདེན་ཐུབ་ཀྱི་དོན་དངོས་བརྒྱུད་དེ་མི་རྣམས་ལ་རྒྱལ་ཁབ་གང་ཞིག་དང་དམག་དཔུང་གང་ཞིག་ཡིན་རུང་། ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་ལྡོག་ཕྱོགས་སུ་ལངས་ཏེ། ཆེར་རློམ་ཆུང་གནོན་དང་ལྡོག་བགྲོད་ཕྱིན་ལོག བཙན་འཛུལ་རྒྱ་སྐྱེད་བཅས་བྱས་ན། ཁ་ཆག་སྣ་རལ་དུ་འགྲོ་ངེས་པ་གསལ་བོར་བསྟན་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་ཕན་པའི་དོན་དག་མང་ཙམ་བསྒྲུབ་རྒྱུ་ལས། ཡང་བསྐྱར་ལོག་ལམ་དུ་མི་འགྲོ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།
མའོ་ཉིང་གིས་བཤད་རྒྱུར། ཁྲང་ཅིན་མཚེའུའི་གཡུལ་འགྱེད་སྐོར་ནས། ཀྲུང་གོ་ཕྱོགས་ཀྱི་ལོ་རྒྱུས་ཟིན་ཐོ་ལྟར་ན། གཡུལ་འགྱེད་དེའི་ཁྲོད་དུ་དགྲ་བོ་སུམ་ཁྲི་དྲུག་སྟོང་ཚར་བཅད་པ་དང་། དེའི་ནང་དུ་ཨ་མེ་རི་ཁའི་དམག་མི་ཉིས་ཁྲི་བཞི་སྟོང་ཡོད་ལ། ཨ་མེ་རི་ཁའི་མདའ་ཤོག་ཧྲིལ་བོ་ཞིག་ཡོངས་སུ་ཚར་བཅད་ཡོད། ཨ་མེ་རི་ཁའི་དམག་སྡེ་བརྒྱད་པའི་དམག་སྤྱི་ཝོ་ཁི་ཡང་དམག་འཁྲུག་ཁྲོད་དུ་རླངས་འཁོར་ཁ་ལོ་འཁོར་བ་ལས་རྐྱེན་ལམ་དུ་ཤོར་ཡོད། ཨ་མེ་རི་ཁའི་སྐབས་དེའི་རྒྱལ་སྲིད་བློན་ཆེན་ཨེ་ཆི་ཞུན་གྱིས་ཀྱང་དེ་ནི་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་ལམ་ཐག་ཆེས་རིང་བའི་བྲོས་བྱོལ་རེད་ཅེས་བཤད་མྱོང་ཟེར།